རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་ཚོགས།

རྒྱ་གར་ནང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་ཚོགས་གནང་སྟེ་དེ་རིང་གིས་ཉིན་གྲངས་གཉིས་འགྲོ་གི་ཡོད་པ་རེད།

2008-11-30
Share

༄༅༎རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་ཁྲིད་དུ་ཡོད་པའི་གུར་གའོ་ཞེས་པའི་ས་གནས་ནང་རེས་གཟའ་སྤེན་པ་ནས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་སྐོང་ཚོགས་གནང་སྟེ་དེ་རིང་གི་ཉིན་གྲངས་གཉིས་འགྲོ་གི་ཡོད་པ་དང་ཉིན་གསུམ་གྱི་ལྷན་ཚོགས་དེའི་རིང་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་གནང་མཁན་ཚོགས་མི་ཚོའི་བར་ལ་ད་ལྟའི་བོད་ནང་གི་གནས་སྟངས་དང་ལྷག་པར་དུ་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་ཐག་གཅོད་བྱུང་བའི་གྲུབ་འབྲས་སྐོར་ལ་གོ་བསྡུར་གནང་བཞིན་ཡོད་པ་རེད།

ཉིན་དང་པོའི་ལྷན་ཚོགས་དབུ་འབྱེད་སྐབས་བཙན་བྱོལ་བོད་གཞུང་གི་བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་གཙོ་བོའི་སྐུ་མགྲོན་དུ་ཕེབས་ཞུགས་གནང་ཡོད་པ་དང་རྒྱལ་ས་ལྡི་ལིའི་ནང་ཡོད་པའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་ཁང་གི་སྐུ་ངོ་བསྟན་པ་ཚེ་རིང་ལགས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཚོགས་ཆེན་ཐོག་བསྩལ་བའི་གསུང་འཕྲིན་སྒྲོག་སྦྱང་གནང་ཡོད་པ་རེད། བཀའ་བློན་ཁྲི་པ་མཆོག་གིས་གསུང་བཤད་ནང་ལ་ཉེ་ཆར་བཞུགས་སྒར་རྡ་རམ་ས་ལར་ཚོགས་པའི་བོད་མིའི་དམིགས་བསལ་གྱི་ལྷན་ཚོགས་ཐོག་ཐག་གཅོད་བྱུང་བའི་གནད་དོན་ཐོག་གལ་འགངས་ཆེན་པོས་ནན་བརྗོད་གནང་སྟེ་ད་རེས་ཀྱི་བོད་མིའི་དམིགས་བསལ་ཚོགས་ཆེན་ཐོག་ལ་ཚོགས་ཞུགས་བ་མི་དམངས་མང་མོས་ཀྱིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་དབུ་མའི་ལམ་གྱི་ཐབས་ལམ་ཐོག་བསྐྱོད་རྒྱུའི་རྒྱབ་སྐྱོར་དང་ཐག་གཅོད་བྱུང་བ་བཞིན་ང་ཚོས་མུ་མཐུད་ཐབས་ལམ་དེའི་ཐོག་མདུན་བསྐྱོད་བྱ་དགོས་ཀྱི་རེད་ཅེས་གསུངས་ཡོད་པ་དང་བཙན་བྱོལ་བོད་གཞུང་གི་སྤྱི་འཐུས་ཚོགས་གཙོ་སྐུ་ཞབས་ཀརྨ་ཆོས་འཕེལ་ལགས་ཀྱིས་གསུང་བཤད་ནང་ལའང་བཞུགས་སྒར་དུ་ཚོགས་པའི་བོད་མིའི་དམིགས་བསལ་ཚོགས་ཆེན་དེའི་ཐོག་ལ་བཙན་བྱོལ་ནང་དུ་ཡོད་པའི་བོད་མི་ཚོའི་དགོངས་ཚུལ་བསྡུ་རུབ་བྱས་པ་ཁོ་ན་མ་ཡིན་པར་བོད་ནང་གི་བོད་མིའི་དགོངས་ཚུལ་ཡང་བསྡུ་རུབ་བྱས་ཡོད་པའི་ཐག་གཅོད་ཅིག་ཡིན་པ་དང་ང་ཚོའི་འཐབ་རྩོད་བྱེད་ཡུལ་དང་ངོ་རྒོལ་བྱེད་ཡུལ་ཁ་ཕྱོགས་ནི་རྒྱ་ནག་གཞུང་གི་སྲིད་ཇུས་ནོར་འཁྲུལ་དེ་ཡིན་པ་ལས་རྒྱ་ནག་མི་དམངས་མ་ཡིན་ཞིང་རྒྱ་ནག་མི་དམངས་ནི་ང་ཚོ་བོད་མི་ཇི་བཞིན་རྒྱ་ནག་གུང་ཁྲན་ཏང་གི་སྲིད་ཇུས་འོག་དཀའ་སྡུག་མྱོང་བཞིན་ཡོད་པ་རེད་ཅེས་གསུངས་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།