རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ།
2017.12.16
༄༅། །སེ་རྭ་བྱེས་ཤེས་ཡོན་ལྷན་ཁང་ནས་གོ་སྒྲིགས་ཀྱིས་རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཚོགས་འདུ་ཐེངས་གསུམ་པ་དེ་རྒྱ་གར་ལྷོ་ཕྱོགས་སེར་རྭ་ཆོས་སྒར་དུ་འཚོགས་བཞིན་ཡོད་འདུག།
དེ་རིང་ཕྱི་ཚེས་ ༡༦ ཉིན་དབུ་འཛུགས་གནང་པའི་ཉིན་གྲངས་གསུམ་རིང་གི་བགྲོ་གླེང་ཚོགས་འདུ་འདིའི་ནང་གདན་ས་གྲྭ་ཚང་ཁག་ནས་བོད་བརྒྱུད་ནང་བསྟན་གྱི་མཁས་པ་དང་། དེ་བཞིན་རྒྱ་གར་བ་དང་ཐཡེ་ལེནཌ། སི་རི་ལངྐ་དང་ཐེ་ཝན། ཝིཡེཏ་ནམ། སྦང་ལ་དེཤ་བཅས་ནས་སྐུ་ཚབ་མི་སྣ་མཉམ་ཞུགས་གནང་འདུག།
བགྲོ་གླེང་གི་ཚོགས་འདུ་འདིའི་ནང་གི་བརྗོད་གཞི་གཙོ་བོ། འདུལ་བ་གཞི་བཅུ་བདུན་གྱི་ཁོངས་ནས་སྡོམ་པ་བོག་ཆོག་དང་། ལྟུང་བ་སྡེ་ལྔ་ལ་སོགས་པ་རབ་ཏུ་བྱུང་བའི་གཞིའི་གནད་དོན་ཐོག་ཡིན་པ་སེར་བྱེས་ཤེས་ཡོན་ལྷན་ཁང་གི་འགན་འཛིན་དགེ་བཤེས་ཉི་མ་བཀྲིས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་དུ་ཞལ་པར་ཐོག་འགྲེལ་བརྗོད་གནང་བྱུང་།།
རྒྱལ་སྤྱིའི་དམ་ཆོས་འདུལ་བའི་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་དེ་ ཕྱི་ལོ་ ༢༠༡༤ དང་ ཐེངས་གཉིས་པ་དེ་ ༢༠༡༦ ལོ་སོ་སོར་སེ་རྭ་ཆོས་སྒར་དུ་བསྐོང་ཚོགས་གནང་འདུག
གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།