ཕན་ཚུན་བར་འཁྲུག་རྐྱེན་སྐུལ་སློང་བྱེད་བཞིན་པ།
2012.08.15
ཉེ་ལམ་ཕྱི་ཟླ་༦པའི་ནང་འབར་མའི་ཁུལ་ཁ་ཆེའི་མི་རིགས་དང་ནང་པའི་བར་འཐབ་འཁྲུག་བྱུང་བའི་རྗེས་Rohingya ཁ་ཆེའི་མི་རིགས་ཚོའི་འགྲོ་བ་མིའི་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་བཏང་བའི་གནད་དོན་ཐད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་བློ་འཚབ་གནང་ཡོད་ཅིང༌། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོས་འབར་མའི་གཞུང་ལ་Rohingya ཁ་ཆེའི་མི་རིགས་ཚོ་སྲུང་སྐྱོབ་ཡག་པོ་གནང་ཐུབ་མེད་པའི་སྐྱོན་བརྗོད་ཤུགས་ཆེ་གནང་ཡོད་པ་རེད། འོན་ཀྱང་པ་ཀིསི་ཐན་གྱི་སྲང་ལམ་ཁག་དུ་མཐར་ལྷུང་པ་ཁག་ཅིག་གིས་འབརམའི་ནང་གི་ནང་པ་ཚོས་Rohingya ཁ་ཆེའི་མི་རིགས་སྟོང་ཕྲག་འགའ་ཤས་དམར་བསད་བཏང་ཡོད་པའི་འུར་སྒྲོགས་ཀྱི་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་ལུགས་ Christian Science Monitor ཞེས་པའི་གསར་ཤོག་ནང་གནས་ཚུལ་བཀོད་འདུག།
འབར་མའི་ནང་གི་ཁ་ཆེར་ནང་པ་ཚོས་གདུག་རྩུབ་བྱེད་བཞིན་ཡོད་པར་པ་ཀིསི་ཐན་ནང་ངོ་རྒོལ་གྱི་རྔམ་སྟོན་ཁྲོམ་སྐོར་བྱས་པ་ཙམ་མ་ཟད། པ་ཀིསི་ཐན་གྱི་སྤྱི་ཚོགས་དྲ་འབྲེལ་ཐོག་བོད་པའི་དགེ་འདུན་པ་ཕུང་པོའི་དཀྱིལ་དུ་བཞེངས་ཞུགས་པའི་པར་མང་པོ་ཞིག་འགྲེམས་སྤེལ་རྒྱ་ཆེ་བྱེད་བཞིན་ཡོད་པའི་གནས་ཚུལ་ཀྱང་འདུག། ཡོང་ཁུངས་པ་ཀིསི་ཐན་ནས་ཡིན་པའི་ངོ་དེབ་Facebook ཅིག་གི་ཐོག་ དགེ་འདུན་གྱི་ན་བཟའ་དམར་པོ་མཆོད་པ་ཁག་ཅིག་ཕུང་པོ་མང་པོ་ཞིག་གི་དཀྱིལ་ལ་ བཞེངས་པའི་པར་གཅིག་བཞག་ཡོད་པ་དེའི་འགྲེལ་བཤད་དུ། ནང་པས་དམར་བསད་བཏང་བའི་ཁ་ཆེ་ཚོའི་ཕུང་པོ་ཞེས་བྲིས་ཡོད་པ་རེད།
དངོས་འབྲེལ་བྱས་ན་པར་དེ་བཞིན་༢༠༡༠ལོར་བོད་ཀྱི་ས་ཁུལ་སྒ་སྐྱེ་རྒུ་མདོར་ས་ཡོམས་ཀྱི་གོད་ཆགས་ཕོག་པའི་སྐབས་སུ་བོད་པའི་དགེ་འདུན་པ་ཚོས་མང་ཚོགས་མྱུར་སྐྱོབ་གནང་བཞིན་པའི་སྐབས་ཀྱི་འདྲ་པར་ཡིན་པ་རེད།
པ་ཀིསི་ཐན་ནང༌གནས་འཕྲིན་དྲ་རྒྱའི་ཐོག་ཁ་ཆེ་ཚོར་གདུག་སྦྱོང་གཏོང་་གི་ཡོད་པའི་གནས་ཚུལ་འཁྱོག་བཤད་བྱེད་མཁན་ཁ་ཆེའི་ཤོག་ཁག་དེ་འདྲ་ཡོད་པ་ཚོས་ཚོགས་པར་རོགས་དངུལ་ཐོབ་ཐབས་དང་། ཚོགས་མི་སྐུལ་སློང་བྱ་རྒྱུའི་རེ་སེམས་ངན་པ་བཅངས་ནས་དཀྲོག་གཏམ་འདྲ་མིན་སྤེལ་གྱི་ཡོད་སྐོར་ པ་ཀིསི་ཐན་གྱི་རྒྱལ་སྤྱིའི་དྲ་རྒྱའི་ཐོག་ལས་འགུལ་སྤེལ་མཁན་ཚོགས་པའི་ངེས་སྟོན་པ་Shahzad Admad ཡིས་བརྗོད་འདུག།
པར་རྗུན་བཟོ་བྱས་ནས་ཁ་ཆེར་གདུག་སྦྱོང་བཏང་གི་ཡོད་པའི་དཀྲོག་གཏམ་སྤེལ་མཁན་ཚོགས་པའི་གྲས་སུ་ Jamat ud Dawa, Jamat e Islami དང་Jamat e Ulema གསུམ་གཙོ་བོ་ཡིན་པའི་སྐོར་ Christian Science Monitor གསར་ཤོག་གིས་གནས་ཚུལ་སྤེལ་འདུག།