རྒྱ་ནག་གི་དྲུག་བཞིའི་དམངས་གཙོའི་ལས་འགུལ་དང་བོད།

ལོ་ངོ་ ༣༧ སྔོན་བོད་ཀྱི་རྒྱལ་ས་ལྷ་སར་དམག་དོན་དམ་བསྒྲགས་ཀྱི་བཀའ་རྒྱ་དང་རྒྱ་ནག་གི་དྲུག་བཞིའི་ལས་འགུལ།

༡༩༨༩ ལོའི་ཟླ་བ་གསུམ་པར་རྒྱ་ནག་གཞུང་གིས་ཐོག་མར་བོད་ཀྱི་རྒྱལ་ས་ལྷ་སར་དྲག་པོའི་དམག་དོན་དམ་བསྒྲགས་ཀྱི་བཀའ་རྒྱ་བཏང་པ་དང་། དེ་རྗེས་དུས་ཡུན་རིང་པོ་མ་སོང་བར་པེ་ཅིང་དུ་དྲུག་བཞིའི་དམངས་གཙོའི་ལས་འགུལ་འདི་ཐོན་ཡོད། ལོ་ངོ་ ༣༧ གྱི་རྗེས་སུ། ལོ་རྒྱུས་ཀྱི་དམིགས་བསལ་དུས་ཚིགས་འདིར་ཡོངས་བསྒྲགས་ངང་དྲན་གསོ་ཞུ་བའི་ལས་འགུལ་ཁག་ལ་འགྱུར་བ་འགྲོ་བཞིན་ཡོད། ད་ཆ་རྒྱ་ནག་ནང་དང་ཧོང་ཀོང་ལ་དྲན་གསོ་ཞུ་སའི་ཁོར་ཡུག་ཧ་ཅང་ཆུང་ཆུང་ཆགས་ཡོད། འོན་ཀྱང་རང་དབང་དང་དམངས་གཙོ་ལྡན་པའི་ཡུལ་གྲུའི་ནང་གཞི་རྒྱ་ཆེ་བའི་རྒྱ་ནག་གི་དམངས་གཙོའི་ལས་འགུལ་འདིར་མུ་མཐུད་དྲན་གསོའི་ལས་འགུལ་སྤེལ་བཞིན་ཡོད་པ་རེད།

༡༩༨༩ ལོའི་བོད་དང་རྒྱ་ནག

༡༩༨༩ ལོའི་ཟླ་ ༣ པའི་ནང་བོད་ཀྱི་རྒྱལ་ས་ལྷ་སར་བོད་མིའི་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ཐོན་ནས། ཟླ་ ༣ ཚེས་ ༧ ཉིན་རྒྱ་ནག་གཞུང་གིས་དྲག་པོའི་དམག་ཁྲིམས་ལག་བསྟར་བྱ་རྒྱུ་གསལ་བསྒྲགས་བྱས་ཤིང། འདི་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ལོ་རྒྱུས་ཐོག་དུས་ཡུན་རིང་པོའི་ནང་ས་ཆ་ཞིག་ཏུ་དྲག་པོའི་དམག་དོན་དམ་བསྒྲགས་ཀྱི་བཀའ་རྒྱ་བཏང་བ་ཐོག་མ་དེ་ཆགས་ཡོད།

དེ་ནས་ཟླ་བ་གསུམ་གྱི་རྗེས་སུ་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སློབ་མ་གཙོ་བོར་གྱུར་པའི་དམངས་གཙོའི་ལས་འགུལ་གཞི་རྒྱ་ཆེན་པོ་ཞིག་ཐོན་ཡོད་པ་དང་། ༡༩༨༩ ལོའི་ཟླ་ ༦ ཚེས་ ༣ ནས་ ༤ བར། རྒྱ་ནག་གི་དམག་དཔུང་པེ་ཅིང་གྲོང་ཁྱེར་གྱི་ཁྲོམ་གཞུང་དུ་བསྐྱོད་དེ་ངོ་རྒོལ་བྱེད་མཁན་མི་མང་ལ་དྲག་པོའི་ཐོག་ནས་བཙན་གནོན་བྱས་པས་མཚོན་ཆའི་ཁྲོད་ནས་གྲངས་ལས་འདས་པའི་མི་མང་ཤི་རྨས་བྱུང་ཡོད།

ལོ་ངོ་ ༣༧ སྔོན་བོད་ཀྱི་རྒྱལ་ས་ལྷ་སར་དམག་དོན་དམ་བསྒྲགས་ཀྱི་བཀའ་རྒྱ་དང་རྒྱ་ནག་གི་དྲུག་བཞིའི་ལས་འགུལ།
རྒྱ་ནག་གི་དྲུག་བཞིའི་དམངས་གཙོའི་ལས་འགུལ་དང་བོད། ༡༩༨༩ ལོའི་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ལ་དམངས་གཙོའི་ལས་འགུལ་སྤེལ་མཁན། (Reuters /Landov)

ཡང་བོད་མི་མང་པོའི་ངོས་ནས་ཞུས་ན། ༡༩༨༩ ལོ་འདི་ནི་པེ་ཅིང་གི་དྲུག་བཞིའི་དོན་རྐྱེན་ཁོ་ན་མ་ཡིན་པར། བོད་ཀྱི་རྒྱལ་ས་ལྷ་སའི་དྲག་པོའི་དམག་དོན་བཀའ་རྒྱ་དང་བོད་མིའི་ལས་འགུལ་འདི་ཡང་མཚོན་གྱི་ཡོད།

བསོད་ནམས་རྡོ་རྗེ་ལགས་ནི་ ༡༩༨༩ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོར་སློབ་སྦྱོང་གནང་བཞིན་ཡོད་པ་དང་། བོད་ནང་གི་ལས་འགུལ་དང་དྲུག་བཞིའི་ལས་འགུལ་འདིར་རྒྱུས་མངའ་ཡོད་མཁན་ཞིག་ཆགས་ཡོད་པས། ཁོང་གིས་གསུངས་པར། དྲུག་བཞིའི་དོན་རྐྱེན་འདི་ནི་ ༡༩༨༩ ལོའི་ཟླ་བ་བཞི་པར་ཧུའུ་གཡའོ་པང་འདས་གྲོངས་སུ་སོང་བ་ནས་བྱུང་པ་ཞིག་ཡིན་ཞིང་། རྒྱ་ནག་ནང་གི་དོན་རྐྱེན་འདིར་དྲན་གསོ་བྱེད་པའི་སྐབས་དུས་མཉམ་དུ་བོད་ནང་གི་ལས་འགུལ་ལ་དྲན་གསོ་བྱེད་དོན་ནི། ཕྱི་ལོ་ ༡༩༨༧ དང་། ༨༨ དང་། ༨༩ ལོ་བཅས་ལ་སེ་འབྲས་དགའ་གསུམ་གྱི་དགེ་འདུན་པས་འགོ་ཁྲིད་པའི་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་ཐོན་ཡོད་ལ། ལྷག་པར་དུ་སློབ་ཕྲུག་གིས་འགོ་ཁྲིད་པའི་དྲུག་བཞིའི་དོན་རྐྱེན་དང་འདྲ་བའི་གནས་ཚུལ་ཞིག་ནི། ༡༩༨༨ ལོའི་ཟླ་ ༡༢ ཚེས་ ༣༠ ཉིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཚོས་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་དགོས་པ་ལ་སོགས་པའི་འབོད་སྒྲའི་ཐོག་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་པས། འདས་པའི་ལོ་རྒྱུས་དེ་ཚོ་མི་རབས་རྗེས་མ་ཚོས་མ་བརྗེད་པ་དང་། ལོ་རྒྱུས་ཐོག་གནས་ཐུབ་པའི་ཆེད་དུ་ད་ལྟ་དྲན་གསོ་ཞུ་བཞིན་ཡོད་ཅེས་གསུངས་བྱུང་།

ལོ་ངོ་ ༣༧ སྔོན་བོད་ཀྱི་རྒྱལ་ས་ལྷ་སར་དམག་དོན་དམ་བསྒྲགས་ཀྱི་བཀའ་རྒྱ་དང་རྒྱ་ནག་གི་དྲུག་བཞིའི་ལས་འགུལ།
རྒྱ་ནག་གི་དྲུག་བཞིའི་དམངས་གཙོའི་ལས་འགུལ་དང་བོད། ༡༩༨༨ ལོའི་ཟླ་ ༡༢ ཚེས་༣༠ ཉིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་མ་ཚོས་བོད་སྐད་ཡིག་སྲུང་སྐྱོབ་དགོས་པ་སོགས་ཀྱི་ལས་འགུལ་སྤེལ་བ། (བསོད་ནམས་རྡོ་རྗེ།)

༡༩༨༩ ལོར་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་སློབ་མ་གཙོ་བོར་གྱུར་པའི་དམངས་གཙོ་ལས་འགུལ་འདིའི་ནང་རྒྱ་ནག་ཏུ་སློབ་སྦྱོང་བྱེད་བཞིན་ཡོད་པའི་བོད་པའི་སློབ་མ་མི་ཉུང་བ་ཞིག་གནམ་བདེ་སྒོ་མོ་ཆེར་བསྐྱོད་ནས་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་ལ། ལྷག་པར་དུ་པེ་ཅིང་དུ་ཡོད་པའི་དབུས་མི་རིགས་སློབ་གྲྭ་ཆེན་མོའི་བོད་པའི་སློབ་མ་ཚང་མ་ལས་འགུལ་འདིའི་ནང་མཉམ་ཞུགས་བྱས་པ་མ་ཟད། བོད་ཡིག་ཐོག་མིའི་ཐོབ་ཐང་དང་རང་དབང་། དམངས་གཙོ་ཞེས་བྲིས་པའི་འཕྲེད་དར་འཁྱེར་ནས་ལས་འགུལ་ནང་མཉམ་ཞུགས་བྱས་ཡོད་པ་རེད།

དྲུག་བཞིའི་དོན་རྐྱེན་ནང་རྐྱེན་ལམ་དུ་སོང་བའི་གཉེན་འབྲེལ་གྱིས་གྲུབ་པའི་གནམ་བདེ་སྒོ་མོ་ཆེའི་ཨ་མའི་ཚོགས་པ་ཞེས་པ་ནས་འདི་ལོ་བསྐྱར་དུ་གསལ་བསྒྲགས་ཤིག་སྤེལ་ཏེ། རྒྱ་ནག་གཞུང་གིས་དོན་རྐྱེན་འདིའི་དངོས་ཡོད་གནས་ཚུལ་གསལ་བསྒྲགས་དགོས་པ་དང་། འགན་འཁྲི་ཡོད་མཁན་ཚོར་ཁྲིམས་ཐོག་ནས་ཉེས་པ་གཏོང་དགོས་པའི་རེ་འདུན་མུ་མཐུད་བཏོན་ཡོད།

འོན་ཀྱང་དྲུག་བཞིའི་དྲན་གསོའི་དུས་ཚིགས་སླེབས་ལ་ཉེ་བའི་སྐབས་དེར། ནང་མི་འགའ་ཞིག་གིས་བརྗོད་པར། པེ་ཅིང་གི་ཉེན་རྟོག་པས། ནང་མིས་དུར་མཆོད་བྱེད་དུ་འགྲོ་རྒྱུར་བཀག་སྡོམ་བྱས་པ་མ་ཟད། ཡོངས་བསྒྲགས་ངང་མྱ་ངན་གྱི་ལས་འགུལ་སྤེལ་རྒྱུའི་ཆོག་མཆན་སྤྲད་མེད་པ་རེད་འདུག་ལ། དེ་དང་ཆབས་ཅིག འགྲོ་བ་མིའི་ཐོབ་ཐང་གི་ལྟ་ཞིབ་ཚོགས་པས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། རྒྱ་ནག་གཞུང་གིས་དྲུག་བཞིའི་དོན་རྐྱེན་དང་འབྲེལ་བའི་གླེང་སློང་དང་དྲན་གསོའི་ལས་འགུལ་ཁག་ལ་མུ་མཐུད་ནས་དམ་དྲག་དང་ཚོད་འཛིན་བྱེད་བཞིན་ཡོད་པར་སྐྱོན་བརྗོད་བྱས་འདུག

ལོ་ངོ་ ༣༧ སྔོན་བོད་ཀྱི་རྒྱལ་ས་ལྷ་སར་དམག་དོན་དམ་བསྒྲགས་ཀྱི་བཀའ་རྒྱ་དང་རྒྱ་ནག་གི་དྲུག་བཞིའི་ལས་འགུལ།
རྒྱ་ནག་གི་དྲུག་བཞིའི་དམངས་གཙོའི་ལས་འགུལ་དང་བོད། ༡༩༨༩ ལོའི་པེ་ཅིང་གི་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་ལ་དམངས་གཙོའི་ལས་འགུལ་སྤེལ་སྐབས་གཞུང་གིས་དྲག་གནོན་བྱས་པ། (REUTERS)

རང་དབང་དང་དམངས་གཙོ་ལྡན་པའི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་དོ་སྣང་།

འདས་པའི་ལོ་ངོ་ ༣༠ ལྷག་གི་རིང་། ལོ་ལྟར་ཟླ་ ༦ ཚེས་ ༤ ཉིན། ཧོང་ཀོང་གི་མི་མང་ཁྲི་ཕྲག་མང་པོས་སྤྱི་གླིང་དུ་མར་མེའི་འདུ་འཛོམས་ཀྱིས་མྱ་ངན་ཞུ་སྲོལ་ཡོད། འོན་ཀྱང་ཧོང་ཀོང་ལ་རྒྱལ་ཁབ་བདེ་འཇགས་ཀྱི་ཁྲིམས་ཡིག་ལག་བསྟར་བྱས་པའི་རྗེས་སུ། མར་མེའི་འདུ་འཛོམས་ལ་བཀག་སྡོམ་བྱས་པ་དང་། དྲུག་བཞིའི་དམངས་གཙོའི་ལས་འགུལ་ལ་དྲན་གསོ་བྱ་རྒྱུ་ཧ་ཅང་ཁག་པོ་ཆགས་ཡོད་འདུག

རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་གིས་བརྗོད་དོན། འདི་ལོ་ཁེ་ན་ཌ་དང་། ཨ་རི། ཐའེ་ཝན་སོགས་ས་གནས་མང་པོར་དྲུག་བཞིའི་དམངས་གཙོའི་ལས་འགུལ་ལ་དྲན་གསོའི་ལས་འགུལ་སྤེལ་ཡོད་ཅིང་། ཡང་ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ཚོགས་ཆུང་གིས་ཀྱང་དྲུག་བཞིའི་དོན་རྐྱེན་དང་། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ། དེ་བཞིན་རྒྱལ་མཚམས་བརྒལ་བའི་དྲག་གནོན་གྱི་གནད་དོན་ཁག་ལ་བགྲོ་གླེང་གནང་ཡོད། གཞན་ཡང་ཉེ་ཆར་ཨ་རིའི་ལོསི་ཨན་ཇེ་ལེསི་ལ་ཡོད་པའི་དྲུག་བཞིའི་དྲན་གསོ་ཁང་ལ་མི་ཞིག་གིས་འགྲེམས་སྟོན་དངོས་པོ་མང་པོར་ཚོན་རྩི་གཏོར་ནས་གཏོར་བཤིག་བཏང་པའི་གནས་ཚུལ་ཡང་ཐོན་ཡོད།

ལོ་ངོ་ ༣༧ སྔོན་བོད་ཀྱི་རྒྱལ་ས་ལྷ་སར་དམག་དོན་དམ་བསྒྲགས་ཀྱི་བཀའ་རྒྱ་དང་རྒྱ་ནག་གི་དྲུག་བཞིའི་ལས་འགུལ།
རྒྱ་ནག་གི་དྲུག་བཞིའི་དམངས་གཙོའི་ལས་འགུལ་དང་བོད། དེ་སྔོན་ཧོང་ཀོང་གི་སྤྱི་གླིང་དུ་མི་མང་གིས་དྲུག་བཞིའི་ལས་འགུལ་ལ་དྲན་གསོ་ཞུ་སྲོལ་ཡོད་པ། (REUTERS)

༡༩༨༩ ལོའི་རྒྱ་ནག་གི་དམངས་གཙོའི་ལས་འགུལ་འདིའི་ནང་དངོས་སུ་མཉམ་ཞུགས་གནང་མྱོང་ཡོད་པའི་དམངས་གཙོ་དོན་གཉེར་བ་ཝང་ཏན་གྱིས། ད་ཆ་མི་རབས་མི་འདྲ་བའི་ནང་ཕན་ཚུན་རྒྱུས་མངའ་དང་། གདོང་དང་གདོང་ཐུག་ནས་འབྲེལ་མོལ་ཡོང་བའི་རྨང་གཞི་འདིའི་སྟེང་ནས་མཉམ་ལས་ཀྱི་ཐབས་ལམ་གསར་པ་འཚལ་ཏེ་ལས་འགུལ་འདི་མུ་མཐུད་རྒྱུན་འཛིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་གསུངས་འདུག

༡༩༨༩ ལོའི་བོད་ཀྱི་རྒྱལ་ས་ལྷ་ས་ནས་རྒྱ་ནག་གི་རྒྱལ་ས་པེ་ཅིང་གི་ལས་དབང་འདི་གཅིག་མཚུངས་ཆགས་ཡོད་ཅིང་། གནམ་བདེ་སྒོ་མོ་ཆེའི་དྲག་གནོན་འདི་ཐོན་པའི་རྗེས་སུ་རྒྱ་ནག་མི་དམངས་ཀྱིས་བོད་ནང་ཐོན་པའི་ཞི་བའི་ལས་འགུལ་དང་རྒྱ་ནག་གཞུང་གིས་བོད་ནང་ལ་དྲག་གནོན་བྱས་པར་གཞི་ནས་དོ་སྣང་སླེབས་ཡོད། ལོ་ངོ་ ༣༧ གྱི་རྗེས་ལ་ཡང་བོད་པ་དང་རྒྱ་ནག་གི་དམངས་གཙོ་དོན་གཉེར་བ་ཚོས་ལོ་རྒྱུས་ལ་ཕྱིར་དྲན་བྱས་པའི་ཐོག་ནས་དངོས་ཡོད་བདེན་པའི་གནས་ཚུལ་མུ་མཐུད་གནས་ཐུབ་རྒྱུར་འབད་བརྩོན་བྱེད་བཞིན་ཡོད་འདུག།

བརྙན་པར་སྒྲིག་སྦྱོར་བ། ནོར་སྡེ་སྒྲོལ་མ།