རྒྱལ་སྤྱིའི་བོད་དོན་ཚོགས་ཆེན་བསྐོང་དགོས།
2012.08.14
གནས་ཚུལ་ལྟར། ཨ་རི་གྲོས་ཚོགས་ཀྱི་སྤྱི་མཐུན་ཚོགས་པའི་བསླབ་པ་རྒན་པའི་འཐུས་མི་ཧྥི་རན་ཁི་བོ་ཧྥི་དང་དམངས་གཙོ་ཚོགས་པའི་འཐུས་མི་ཇེམ་སི་མེ་ཁི་གྷ་བེན་གཉིས་ཀྱིས་ཨ་རི་ཕྱི་སྲིད་དྲུང་ཆེ་ལྕམ་ཁི་ལིན་ཊིན་ལ་ཕྱག་ཡིག་ཕུལ་ནས། ཨ་རི་གཞུང་གིས་རྒྱལ་སྤྱིའི་བོད་དོན་ཚོགས་ཆེན་བསྐོང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བོད་ཀྱི་གནས་སྟངས་ཐད་སེམས་ཁུར་བཅངས་པའི་རྣམ་པ་མཚོན་དགོས་ཞེས་དགོངས་འཆར་བཏོན་འདུག
འཐུས་མི་རྣམ་གཉིས་ཀྱི་ཕྱག་ཡིག་ཏུ། ང་ཚོས་དེ་བས་ཀྱང་མངོན་གསལ་དོད་པོ། ཡོངས་ཁྱབ་དང་མཐུན་འགྲིག་གི་ཕྱི་འབྲེལ་ངེས་པར་དུ་འཛིན་དགོས་ལ། དེ་ལྟར་གནང་ན་ད་བཟོད་རྒྱ་ནག་གཞུང་གིས་གནོན་ཤུགས་ཤིག་ཚོར་ངེས་པས་རང་གི་བྱ་སྤྱོད་རིགས་འགྱུར་བ་གཏོང་སྲིད་པ་རེད་ཅེས་བཀོད་འདུག
དེ་མིན་ཕྱག་ཡིག་ཏུ་ཨ་རི་གཞུང་གིས་རྒྱལ་སྤྱིའི་བོད་དོན་ཚོགས་ཆེན་འདུ་བསྐོང་དང་། ཡང་ན་ཨ་རི་དང་ལྟ་བ་མཐུན་པའི་རྒྱལ་ཁབ་དང་མཉམ་དུ་དུས་ཚོད་ངེས་གཏན་ཅན་གྱི་གྲོས་མོལ་ཚོགས་འདུ་ཚོགས་རྒྱུ། འབྱུང་འགྱུར་ཕྱི་ཟླ་དགུ་བར་ཚོགས་རྒྱུའི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་སྟབས་བསྟུན་གྱིས་རྒྱལ་ཁབ་དེ་དག་དང་མཉམ་དུ་བོད་དོན་འབྲེལ་མཐུད་ཚོགས་ཆུང་ཞིག་འཛུགས་རྒྱུར་སྐུལ་འདེད་བྱ་དགོས་བཅས་སོགས་བཀོད་འདུག ད་དུང་འཐུས་མི་རྣམ་གཉིས་ཀྱི་ཕྱག་ཡིག་ཏུ་བོད་ཀྱི་གནས་སྟངས་ཇེ་སྡུག་ཏུ་འགྲོ་བཞིན་པ་གདོན་མི་ཟ་ཞེས་ཀྱང་བཀོད་འདུག