སྔ་ལོའི་ཞི་རྒོལ་སྣེ་འཁྲིད་གནང་མཁན་ཞིག་བཙན་བྱོལ་དུ་འབྱོར་བ།

སྔ་ལོ་བསང་ཆུ་རྫོང་གི་ཞི་རྒོལ་སྣེ་འཁྲིད་གནང་མཁན་གྲས་ཤིག་ཡིན་པ་བཞུགས་སྒར་རྡ་རམ་སར་བཙན་འབྱོལ་དུ་བདེ་པོའི་ཐོག་ནས་འབྱོར་འདུག

2009-11-29
Share

༄༅༎སྔ་ལོ་བསང་ཆུ་རྫོང་གི་ཞི་རྒོལ་སྣེ་འཁྲིད་གནང་མཁན་གྲས་ཤིག་ཡིན་པ་ཨ་མདོ་བླ་བྲང་བཀྲིས་འཁྱིལ་དགོན་པའི་གྲ་འཇམ་དབྱངས་ཐབས་མཁས་ལགས་བཞུགས་སྒར་རྡ་རམ་སར་བཙན་འབྱོལ་དུ་བདེ་པོའི་ཐོག་ནས་འབྱོར་འདུག སྔ་ལོའི་སུམ་ཅུའི་དུས་དྲན་ཉིན་ནས་བཟུང་ཆོལ་གསུམ་བོད་མི་མང་པོས་རང་གི་ལུས་སྲོག་ལོངས་སྤྱོད་བློས་བཏང་གིས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་དོན་དུ་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་བྱས་པ་ལྟར་ཨ་མདོ་བླ་བྲང་དགོན་པའི་དགེ་འདུན་པ་རྣམས་ཀྱིས་སྣེ་འཁྲིད་དེ་རྒྱ་ནག་གཞུང་ལ་ངོ་རྒོལ་ལས་འགུལ་ཐེངས་དང་པོ་དེ་ཕྱི་ཟླ་༣ཚེས་༡༤ཉིན་སྤེལ་ཡོད་ཅིང་དེའི་སྐོར་གྲ་འཇམ་དབྱངས་ཐབས་མཁས་ལགས་ཀྱིས་འདི་ག་རླུང་འཕྲིན་ཁང་གི་བལ་ཡུལ་ཁུལ་གྱི་ཨ་མདོའི་སྡེ་ཚན་གྱི་གསར་འགོད་པ་ཀླུ་འབུམ་བཀྲིས་ལགས་སུ་གསུངས་འདུག ཁུལ་དེར་ཞི་རྒོལ་གྱི་ལས་འགུལ་ཆེ་ཆུང་བསྡོམས་གསུམ་གནང་འདུག་ལ་ཕྱི་ཚེས་༡༦ཉིན་ཁོང་གིས་ལྷོ་ཨ་ཕེ་རི་ཀའི་གསར་འགོད་པ་ཞིག་ལ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བོད་ལ་ཕྱིར་ཕེབས་དགོས་པ་དང་བོད་མི་མང་ལ་རང་དབང་དང་འདྲ་མཉམ་དགོས་པ་ མང་གཙོ་དགོས་པ་ བོད་ནང་གི་གནས་སྟངས་ལ་རྒྱལ་སྤྱིའི་ངོས་ནས་རོགས་རམ་བྱེད་དགོས་པའི་འབོད་སྐུལ་འགའ་ཤས་གནང་བ་དེ་ཕྱི་རྒྱལ་གྱི་བརྙན་འཕྲིན་ནང་བཏོན་པའི་ཉིན་གཅིག་གི་རྗེས་སུ་རྒྱ་ནག་གཞུང་གིས་ཁོང་བརྩད་གཅོད་དང་ཡིག་ཆ་བཀྲམས་ཏེ་འཛིན་བཟུང་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པའི་རྐྱེན་གྱིས་ལོ་གཅིག་དང་ཟླ་བ་མང་པོའི་རིང་རི་མགོར་འགབ་ཡིབ་བྱས་ཏེ་གནས་སྐབས་ཀྱང་རྒྱ་ནག་གཞུང་ལ་མགོ་གཏགས་གཏན་ནས་གནང་རྒྱུ་མིན་པའི་ཐག་གཅོད་གནང་འདུག ཁོང་རང་ཡུལ་ནང་གནས་ཀྱང་གུ་ཡངས་ཀྱི་འཚོ་བ་ཞིག་དང་བེད་སྐྱིད་ཡོང་རྒྱུ་མིན་པ་མཁྱེན་རྟོགས་བྱུང་བར་འདི་ལོའི་ལོའི་ཕྱི་ཟླ་༡༠་ཚེས་༢༧ཉིན་ཕ་ཡུལ་ནས་ཁ་གྱེས་ཏེ་བལ་ཡུལ་བརྒྱུད་བཞུགས་སྒར་རྡ་རམ་སར་བཙན་བྱོལ་དུ་བྲོས་བྱོལ་ཕེབས་བྱུང་ཡོད་པའི་གནས་ཚུལ་འདུག།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།