རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་ཏེ་མི་ལོ་༦༠་འཁོར་བའི་དུས་དྲན།

2019-12-26
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་ཏེ་མི་ལོ་༦༠་འཁོར་བའི་དུས་དྲན་སྐབས། 2019/12/26
རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་ཏེ་མི་ལོ་༦༠་འཁོར་བའི་དུས་དྲན་སྐབས། 2019/12/26
AITC

༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་བོད་ཀྱི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་ཡིན་ན་བདེན་པ་དང་འཚེ་མེད་པར་རྒྱལ་ཁ་ཐོབ་པ་རེད་ཅེས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་ཏེ་མི་ལོ་༦༠ ་འཁོར་བའི་དུས་དྲན་སྐབས་གཏམ་བཤད་གནང་འདུག
མི་ལོ་དྲུག་བཅུའི་གོང་བོད་རྒྱ་ནག་གིས་བཙན་བཟུང་བྱས་པར་ངོ་རྒོལ་མཚོན་ཆེད་དུ། སྤྱི་ལོ་༡༩༥༩་ལོའི་སྤྱི་ཟླ་༥་པའི་ཚེས་༣༠་ནས་༣༡་བར་རྒྱ་གར་གྱི་རང་དབང་འཐབ་རྩོད་པ་སྐུ་ཞབས་(Jai Prakash Narayan)་མཆོག་གིས་སྣེ་ཁྲིད་འོག་(All India Convention on Tibet)་འམ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཞེས་རྒྱ་གར་ནུབ་བྷིང་གྷལ་(West Bengal)་མངའ་སྡེའི་གྲོང་ཁྱེར་(Kolkata)་རུ་བསྐོང་ཚོགས་གནང་ཡོད་པར་བརྟེན། ཟླ་བ་འདིའི་སྤྱི་ཚེས་༢༦་ཉིན་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་གོ་སྒྲིག་འོག་གྲོང་ཁྱེར་(Kolkata)་ནང་དུ་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་ནས་མི་ལོ་༦༠་འཁོར་བའི་དུས་དྲན་སྲུང་བརྩི་ཞུས་འདུག་ཅིང་། སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གཙོས་པའི་བོད་མི་རྣམས་མི་ལོ་༦༠་རིང་བཙན་བྱོལ་དུ་གྱར་ཡོད་ཀྱང་། ད་བར་བོད་ཀྱི་འཐབ་རྩོད་དེ་མུ་མཐུད་དུ་གནས་ཐུབ་ཡོད་པ་འདི་ནི་གཙོ་བོ་རྒྱ་གར་གཞུང་མང་གཉིས་ཀྱི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་བ་ཞིག་ཡིན་ཞེས་དང་། ལྷག་པར་དུ་བོད་རྒྱ་གཉིས་ཀྱི་དཀའ་རྙོག་དེ་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་སྐུ་འཚོ་བཞུགས་སྐབས་སེལ་དགོས་པ་ནན་བརྗོད་གནང་པ་དང་། ༧གོང་ས་མཆོག་སྐུ་འཚོ་བཞུགས་སྐབས་བོད་ཀྱི་འཐབ་རྩོད་ལ་རྒྱལ་ཁ་ཐོབ་པ་ཡིན་ན་བདེན་པ་དང་འཚེ་མེད་ཞི་བདེ་ལ་རྒྱལ་ཁ་ཐོབ་པ་རེད་ཅེས་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས་གསུངས་ཡོད་པ་རེད།
ཡང་སྐབས་དེར་མཛད་སྒོའི་སྐུ་མགྲོན་གཙོ་བོ་ནུབ་བྷིང་གྷལ་མངའ་སྡེའི་སྲིད་སྐྱོང་སྐུ་ཞབས་(Jagdeep Shankar)་མཆོག་གིས། དེང་སྐབས་འཛམ་གླིང་ནང་དུ་འགྲོ་བ་མིའི་ཐོབ་ཐང་ནི་ཚང་མས་དོ་སྣང་གནང་ཡུལ་ཞིག་ཏུ་གྱུར་ཡོད་པ་དང་། བོད་ཀྱི་གནད་དོན་དེ་ཡང་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བ་ཡོད་པ་མ་ཟད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་རྒྱུན་དུ་བོད་ཀྱི་འཐབ་རྩོད་ནི་འཚེ་མེད་ཞི་བ་དང་བདེན་པའི་འཐབ་རྩོད་ཤིག་ཡིན་པ་གསུང་གི་ཡོད་པ་རེད་ལ། དེང་སྐབས་རྒྱ་གར་རྒྱལ་ཁབ་དེ་ཡང་ཆབ་སྲིད་དང་། དཔལ་འབྱོར་གང་གི་ཆ་ནས་ཀྱང་སྔར་ལས་ལྷག་པའི་ཡར་རྒྱས་ཕྱིན་ཡོད་པར་བརྟེན། བོད་ཀྱི་གནད་དོན་ཐད་སྔར་ལས་ལྷག་པའི་གྲུབ་འབྲས་ཐོན་སྲིད་པ་རེད་ཅེས་གསུངས་ཡོད་པ་རེད།
སྐབས་དེར་སྲིད་སྐྱོང་བློ་བཟང་སེང་མཆོག་གིས། རྒྱུན་དུ་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་(Make in India)་ཞེས་རྒྱ་གར་རང་ཉིད་ཀྱིས་རྒྱ་གར་ནང་དུ་ཐོན་རྫས་གསར་བསྐྲུན་དགོས་གལ་ཆེ་བའི་སྐོར་ལས་འགུལ་སྤེལ་བཞིན་ཡོད་པ་ལྟར། བོད་ཀྱི་འཐབ་རྩོད་དེ་ཡང་རྒྱ་གར་ནས་དཔེར་བླངས་པའི་འཚེ་མེད་ཞི་བའི་འཐབ་རྩོད་ཤིག་ཡིན་པས། བོད་མི་ཚོས་འཐབ་རྩོད་དེ་དངོས་སུ་རྒྱ་གར་ནང་ལག་བསྟར་གནང་བཞིན་ཡོད་པ་གསུངས་ཡོད་པ་རེད།
སྤྱིར་རྒྱ་གར་ནང་དུ་ཆབ་སྲིད་ཚོགས་པ་མི་འདྲ་བ་དང་ལྟ་གྲུབ་མི་འདྲ་དུ་མ་ཞིག་ཡོད་ཀྱང་ད་རེས་བོད་དོན་དང་འབྲེལ་བའི་ལྷན་ཚོགས་འདིའི་ཐོག་ལྟ་གྲུབ་འདྲ་མིན་ཡོད་མིན་ལ་མ་ལྟོས་པར་ཕྱོགས་ཡོངས་ནས་ཚང་མ་མཉམ་རུབ་ཐོག འདས་པའི་མི་ལོ་༦༠་རིང་ལ་ཕྱིར་བལྟས་དང་། འབྱུང་འགྱུར་བོད་ཀྱི་འདུན་ལམ་དང་འབྲེལ་བའི་ལས་དོན་གཉེར་ཕྱོགས་སོགས་ཀྱིས་སྐོར་གྲོས་བསྡུར་གནང་ཡོད་པ་འཕགས་བོད་འབྲེལ་མཐུད་ཚོགས་པའི་འབྲེལ་མཐུད་པ་འཇིགས་མེད་ཚུལ་ཁྲིམས་ལགས་ཀྱིས་འགྲེལ་བརྗོད་གནང་སོང་།
གཞན་ཡང་ད་རེས་ཀྱི་ལྷན་ཚོགས་དེའི་གྲོས་ཆོད་ནང་དུ། ༧གོང་ས་སྐྱབས་མགོན་མཆོག་ལ་རྒྱ་གར་གྱི་མི་སེར་གཟེངས་རྟགས་མཐོ་ཤོས་(Bharat Ratna)་འབུལ་བཞེས་དགོས་པའི་ཤུགས་སྣོན་རྒྱག་རྒྱུ་དང་། རྒྱ་གར་སྤྱི་ཚོགས་ཁྲོད་དུ་བོད་དོན་གོ་རྟོགས་གང་མང་སྤེལ་ཏེ་སྔར་ལས་ལྷག་པའི་བོད་དོན་རྒྱབ་སྐྱོར་ཡོང་ཐབས་སོགས་ཀྱི་གྲོས་ཆོད་བཞག་ཡོད་པ་རེད།
ཐེངས་འདིའི་ལྷན་ཚོགས་དེའི་ཐོག་ནུབ་བྷིང་གྷལ་མངའ་སྡེའི་སྲིད་སྐྱོང་གཙོས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་དང་། སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་(Das Gupta)་ཚུད་པའི་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཁག་ཅིག དེ་བཞིན་འཕགས་བོད་གཉིས་ཀྱི་གནད་ཡོད་མི་སྣ་དང་མཁས་དབང་སོགས་ཁྱོན་མི་གྲངས་༥༠༠་སྐོར་ཞིག་ལྷན་འཛོམས་གནང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།