ཨ་རིའི་ཕྱི་སྲིད་དྲུང་ཆེས་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་གསུངས་པ།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་བོད་དོན་ཆེད་དམིགས་བསལ་སྐུ་ཚབ་བསྐོ་གཞག་གནང་རྒྱུར་ཆོད་སེམས་བརྟན་པོ་ཡོད་པ་དང་། དུས་ཚོད་རན་མཚམས་ཤིག་ལ་བོད་དོན་དམིགས་བསལ་འབྲེལ་མཐུད་སྐུ་ཚབ་བསྐོ་བཞག་གནང་རྒྱུ་ཡིན་པར་མ་ཟད། ནུས་པ་ལྡན་པའི་མི་སྣ་ཞིག་བསྐོ་གཞག་གནང་གི་ཡིན་ཞེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་ལ་ཕྱི་ཟླ་ ༢ ཚེས་ ༢ ཉིན་ཡིག་ཐོག་བཀའ་ལན་གནང་བའི་ནང་གསལ་བཤད་གནང་ཡོད་པ་རེད།
ཨ་རིའི་སྲིད་གཞུང་གོང་མའི་སྐབས་བོད་ནང་ཕར་འགྲོ་ཚུར་འོང་དང་། ༢༠༢༠ བོད་དོན་སྲིད་བྱུས་དང་རྒྱབ་སྐྱོར་གྱི་ཁྲིམས་སོགས་གཏན་འབེབས་ཐུབ་པ་བྱུང་ཞིང་། ད་རེས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནང་པའི་གསལ་བཤད་ཀྱི་ནང་དོན་ལ་གཞིགས་ཚེ་སྲིད་འཛིན་འཇོ་སྦཡེ་ཌེན་གྱི་སྲིད་གཞུང་འདིའི་ཐོག་ནས་ཀྱང་བོད་ཀྱི་གནད་དོན་ཐད་མུ་འཐུད་རྒྱབ་སྐྱོར་གནང་རྒྱུའི་ཆོད་སེམས་བརྟན་པོ་ཡོད་པ་མཚོན་ཐུབ་པ་ཞིག་ཡིན་པ་རེད།
ལྷག་པར་དུ་ཨ་རིའི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པས་གསལ་བཤད་གནང་པ་དེའི་ནང་། ཨ་རིའི་གཞུང་གིས་བོད་མི་ཚོར་མིང་དོན་མཚུངས་པའི་རང་སྐྱོང་འབྱུང་རྒྱུར་རྒྱབ་སྐྱོར་ཡོད་པ་གསལ་པོར་གསུངས་ཤིང་། བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱ་ནག་གཞུང་གི་ངོས་ནས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༧གོང་ས་མཆོག་གི་༧སྐུ་ཚབ་དང་ལྷན་དུ་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་གྲོས་མོལ་འབྱུང་ཐབས་ལ་འབོད་བརྩོན་གནང་རྒྱུ་ཡིན་པ་དང་། དེ་ཡང་ཨ་རིའི་མཐུན་ཕྱོགས་ཡུལ་གྲུ་མཉམ་འབྲེལ་གྱི་ཐོག་ནས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་རྒྱུའི་ལས་དོན་དེ་སྤེལ་རྒྱུ་ཡིན་པ་གསུངས་ཡོད་པ་རེད།
བོད་ནང་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་སོགས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་བཏང་དང་གཏོང་བཞིན་པ་འགོག་ཐབས་སུ་ཨ་རིའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་ཨན་ཐོ་ནི་སྦིལིན་ཀེན་གྱི་ངོས་ནས་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྐུ་ཚབ་ཆེན་མོ་དང་ཟུང་འབྲེལ་གྱི་ཕྱག་ལས་གནང་རྒྱུའི་འཆར་གཞི་ཡོད་པའི་ཁར། བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་མཁན་གྱི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་ཚོར་འགན་དཀྲི་ར་སྤྲོད་དང་སྦྲགས་ཁོང་ཚོའི་ཐོག་དཔལ་འབྱོར་ཉེས་ཆད་འགེལ་རྒྱུ་དང་ཨ་རིའི་ནང་འགྲོ་འོང་གི་ཐོངས་མཆན་ཝི་ས་བཀག་འགོག་ལ་སོགས་པའི་རན་མཚམས་ཀྱི་ཐབས་ལམ་བསྟེན་རྒྱུ་ཡིན་པ་བརྗོད་ཡོད་པ་རེད།
ཨ་རིའི་ནང་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྟེ་གནས་ཁང་རང་དབང་གི་ཁང་པའམ་ The Freedom House ཡིས་རྒྱ་ནག་གི་སྟངས་འཛིན་འོག་ཡོད་པའི་བོད་ནི་འཛམ་གླིང་ནང་རང་དབང་གི་གནས་བབས་ཆེས་སྡུག་ཤོས་ཡོད་ས་ཞིག་ཏུ་ངོས་འཛིན་བྱས་ཡོད་ལ། བོད་ནང་གསར་འགོད་པ་དང་ཞིབ་འཇུག་པ། ཕྱི་རྒྱལ་གྱི་གཞུང་ཚབ་པའི་མི་སྣ། ཕྱི་རྒྱལ་གྱི་ཡུལ་བསྐོར་སྤྲོ་འཆམ་པ་སོགས་རང་དབང་གི་ཐོག་ནས་འགྲོ་ཆོག་གི་མེད་ལ། མཐའ་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་པའི་མི་སྣ་ཡང་འགྲོ་རྒྱུར་རྒྱ་ནག་གཞུང་གིས་དངས་ལེན་བྱེད་ཀྱི་མེད་པ་རེད། དེར་བརྟེན་ཨ་རིའི་གྲོས་ཚོགས་ནས་རྒྱ་ནག་གི་མི་སེར་དང་རྒྱ་ནག་གི་ཚོང་པ། རྒྱ་ནག་གི་དཔོན་རིགས་དང་ལས་བྱེད་པ། རྒྱ་ནག་གི་སློབ་ཕྲུག། རྒྱ་ནག་གི་གསར་འགོད་པ་སོགས་ཨ་རིའི་ནང་རང་དབང་གི་ཐོག་ནས་ཡོང་ཆོག་པ་ལྟར། བོད་ནང་དུ་ཡང་ཨ་རིའི་མི་སེར་དང་གསར་འགོད་པ། གཞུང་གི་མི་སྣ་སོགས་རང་དབང་གི་ཐོག་འགྲོ་བསྐྱོད་ཆོག་པ་དགོས་པ་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཆེད་བོད་ནང་ཕར་འགྲོ་ཚུར་འོང་གི་ཁྲིམས་འཆར་ལ་ཚད་མཐོའི་རྒྱབ་སྐྱོར་ཐོག་ཨ་རིའི་སྲིད་འཛིན་གོང་མ་ཌོ་ནཱལཌ་ཏྲམཔ་གྱིས་མཚན་རྟགས་སྐྱོན་ནས་རྒྱལ་ཁབ་ཀྱི་ལག་བསྟར་ཁྲིམས་ཡིག་ཞིག་ཏུ་གྱུར་ཡོད་པ་རེད། ཕྱི་ཟླ་ ༢ ཚེས་ ༢ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པའི་མཚན་ཐོག་ནས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་བཀའ་ལན་གནང་པའི་ནང་། ལོ་མང་རིང་རྒྱ་ནག་གཞུང་གིས་ཨ་རིའི་དཔོན་རིགས་དང་། གསར་འགོད་པ། སྤྲོ་འཆམ་པ་བཅས་བོད་ཀྱི་ས་ཁུལ་ཁག་ནང་བསྐྱོད་རྒྱུར་འཆར་གཞི་ལྡན་པའི་སྒོ་ནས་འགོག་རྐྱེན་བཟོས་ཡོད་པ་དང་། དེར་བརྟེན། བོད་ནང་ཕར་འགྲོ་ཚུར་འོང་འདྲ་མཉམ་དགོས་པའི་ཁྲིམས་ཡིག་གཏན་འབེབས་གནང་བ་དང་། ཨ་རིའི་ཕྱི་སྲིད་ལས་ཁུངས་ངོས་ནས་བོད་ནང་འགྲོ་འོང་བཀག་འགོག་བྱེད་མཁན་གྱི་རྒྱ་ནག་གི་དཔོན་རིགས་ཚོར་ཨ་རིའི་ནང་འགྲོ་འོང་བྱེད་རྒྱུར་ཐོངས་མཆན་ཝི་ས་ཐོག་དམ་དྲག་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་ཡོད་པ་རེད།
བོད་ས་མཐོའི་ཁོར་ཡུག་གི་གནས་བབས་ཉམས་ཆགས་གཏོང་བཞིན་པར་འཛམ་གླིང་ནང་དོ་སྣང་བྱེད་མཁན་དང་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཇེ་མང་དུ་འགྲོ་བཞིན་པ་ལྟར། ཨ་རིའི་གཞུང་གི་ངོས་ནས་ཀྱང་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་དགོས་རྒྱུར་རྒྱ་ནག་གཞུང་ལ་དགོས་འདུན་འདོན་རྒྱུ་ཡིན་པ་གསུངས་པ་དང་སྦྲགས། འགྲོ་བ་མིའི་ཐོབ་ཐང་ཐོབ་ཐང་ལོངས་སུ་སྤྱོད་པའི་རྐྱེན་གྱིས་རྒྱ་ནག་གིས་བཙོན་འཇུག་དང་དྲག་གནོན་བྱེད་བཞིན་པའི་བོད་མི་དེ་དག་ལ་ཨ་རིའི་ངོས་ནས་གདུང་སེམས་མཉམ་བསྐྱེད་ཡོད་པ་ཡང་གསུངས་འདུག ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གནང་པའི་གསལ་བཤད་དེའི་ནང་། བོད་མི་དེ་དག་གི་འགྲོ་བ་མིའི་ཐོབ་ཐང་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་གསལ་བསྒྲགས་ནང་གསལ་བའི་གཞི་རིམ་གྱི་ཐོབ་ཐང་ཞིག་ཡིན་པར་བརྟེན། དེར་རྒྱ་ནག་གཞུང་གིས་བརྩི་བཀུར་དགོས་རྒྱུར་ཨ་རིའི་ངོས་ནས་རྒྱ་ནག་ལ་འབོད་སྐུལ་གནང་གི་ཡོད་པ་བཀོད་འདུག
ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས་ད་དུང་། བོད་མི་ནང་པ་ཚོའི་ཆོས་ལུགས་ཀྱི་དབུ་ཁྲིད་འདེམས་སྒྲུག་དང་། ཤེས་ཡོན་འབུལ་ཕྱོགས། གུས་བཀུར་ཞུ་ཕྱོགས་ཐད་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ཐེ་བྱུས་མཚམས་འཇོག་བྱེད་དགོས་པ་གསུངས་འདུག འདི་ནི་ཨ་རིའི་གཞུང་གསར་པས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཐད་ཀྱི་རྒྱ་ནག་གི་སྲིད་བྱུས་ལ་མོས་མཐུན་མེད་པའི་གཏམ་བཤད་གནང་པ་ཐོག་མ་དེ་ཆགས་ཀྱི་ཡོད་པ་རེད།
ཨ་རིའི་གྲོས་ཚོགས་དང་སྲིད་གཞུང་རིམ་པས་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་འབྱུང་ཐབས་དང་། དེ་བཞིན་བོད་ཀྱི་ཐོུང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་སྲུང་སྐྱོབ་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེ་གནང་བ་ལྟར། འཇོ་སྦེཡེ་ཌེན་གྱི་སྲིད་གཞུང་ནས་ཀྱང་མཐུན་ཕྱོགས་ཡུལ་ཁག་མཉམ་ཁྲིད་ཀྱི་ཐོག་ནས་མུ་འཐུད་རྒྱབ་སྐྱོར་གནང་རྒྱུའི་ཁས་ལེན་གནང་ཡོད་པ་རེད།།