ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་རྒྱ་ནག་ཏུ་འཚམས་གཟིགས་སྐབས་བོད་དོན་གླེང་དགོས་བའི་འབོད་སྐུལ་གནང་འདུག

ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་ཨན་ཐོ་ནི་བྷིལན་ཀེན་(Antony Blinken)་མཆོག་ཟླ་འདིའི་ཚེས་༢༤་ནས་༢༦་བར་རྒྱ་ནག་ཏུ་འཚམས་གཟིགས་ཆེད་ཕེབས་འཆར་ཡོད་པ་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཚོགས་མི་༥༠༠༠༠་ལྷག་གི་ཚབ་ཞུས་ཏེ་འཚམས་གཟིགས་སྐབས་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་། ༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གི་གནས་སྟངས་གཉིས་ངེས་པར་དུ་གླེང་དགོས་ཞེས་འབོད་སྐུལ་གནང་འདུག ད་དུང་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གཙོ་འཛིན་བསྟན་ཆོས་རྒྱ་མཚོ་ལགས་ཀྱིས་འཕྲིན་ཡིག་ཅིག་ཕུལ་བའི་ནང་། ཕྱི་སྲིད་དྲུང་ཆེ་བྷིལན་ཀེན་གྱིས་རྒྱ་ནག་གི་འགོ་ཁྲིད་དང་ཡང་ན་གསར་ཁང་ཁག་གི་གསར་འགོད་པ་ཚོར་ཐུག་དུས་ངེས་པར་དུ་བོད་དོན་གླེང་དགོས་ཞེས་འབོད་སྐུལ་གནང་འདུག
དེའི་ཐད་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་བུ་ཆུང་ཚེ་རིང་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་སྙན་ཞུ་ཕུལ་བ་བརྒྱུད་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་ལ་དོན་ཚན་གསུམ་གྱི་ཐོག་ནས་བོད་དོན་གླེང་དགོས་བའི་འབོད་སྐུལ་བྱས་ཡོད། དེ་ནི་གཙོ་བོ་བོད་རྒྱའི་རྩོད་རྙོག་སེལ་ཐབས་ཐད་ཨ་མི་རི་ཀས་རྒྱབ་སྐྱོར་གནང་བཞིན་པ་གང་མགྱོགས་བོད་རྒྱ་འབྲེལ་མོལ་ཡོང་ཐབས་གླེང་དགོས་བ་དང་། རྒྱ་ནག་གཞུང་གིས༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་བཙན་འཁྲིད་བྱས་པའི་ད་ལྟའི་གནས་སྟངས་གླེང་དགོས་བ་དང་། ཁོང་གང་མགྱོགས་གདན་ས་བཀྲ་ཤིས་ལྷུན་པོ་ལ་ཕེབས་འཇུག་དགོས་པ། གཞན་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་དེ་སྔ་བོད་ཀྱི་རིག་གཞུང་གལ་ཆེན་ཡིན་པ་གསུངས་མྱོང་བ་ལྟར། ད་སྐབས་རྒྱ་ནག་གི་སྟངས་འཛིན་འོག་བོད་ཀྱི་རིག་གཞུང་ངོ་བོ་དང་བཅས་བ་རྩ་མེད་འགྲོ་བའི་ཉེན་ཁའི་གནས་སུ་ཡོད་སྟབས་རྒྱ་ནག་གཞུང་གི་བོད་ནང་ལ་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ཉེན་ཁའི་སྐོར་གླེང་ནས་བོད་མི་རིགས་ངོ་བོ་སྲུང་སྐྱོབ་དགོས་བ་གླེང་དགོས་བའི་འབོད་སྐུལ་བྱས་ཡོད་འདུག
ད་རེས་ཟླ་༤པའི་ཚེས་༢༥ཉིན་ནི༧ཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དགུང་གྲངས་༣༥་སོན་པའི་འཁྲུངས་སྐར་ཡིན་ལ། བཀྲ་ཤིས་ལྷུན་པོའི་མཁན་རིན་པོ་ཆེ་གཟིགས་རྒྱབ་སྤྲུལ་སྐུ་མཆོག་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། སྐབས་འདིར་ཏག་ཏག་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཨ་རིའི་དྲུང་ཆེ་བྷིལན་ཀེན་གྱིས་རྒྱ་ནག་ནང་འཚམས་གཟིགས་གནང་རྒྱུ་ཡིན་པ་དང་བསྟུན། མ་བསྒྲིགས་རང་འགྲིག་གི་གོ་སྐབས་དེ་དམ་འཛིན་གནང་ནས། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་འཕྲལ་མར་གློད་བཀྲོལ་གཏོང་རྒྱུ་མ་ཟད། ཁོང་ས་གནས་གང་དུ་བཞུགས་ཡོད་པ་དང་། སྐུ་གཟུགས་འཕྲོད་བསྟེན་གྱི་གནས་སྟངས། གང་ཉིད་གདན་ས་བཀྲ་ཤིས་ལྷུན་པོར་ཕེབས་འཇུག་དགོས་བ་སོགས་ཀྱི་གནད་དོན་རྒྱ་ནག་གི་དཔོན་རིགས་མཉམ་དུ་གླེང་དགོས་བའི་འབོད་སྐུལ་གནང་བར། གདན་ས་བཀྲ་ཤིས་ལྷུན་པོ་དང་འབྲེལ་ཡོད་ཚང་མའི་ཚབ་ཞུས་ཏེ་ཐུགས་རྗེ་ཆེ་ཞུ། ང་ཚོའི་བོད་ལ་གནམ་ལ་ཉི་མ་ཟླ་བ། ས་ལ་རྒྱལ་བ་པཎ་ཆེན་ཞེས་བཤད་སྲོལ་ཡོད་པ་ལྟར་ཀུན་གཟིགས་པཎ་ཆེན་རིན་པོ་ཆེའི་གནད་དོན་དེ་ཧ་ཅང་གལ་ཆེན་ཡིན་པ་དང་། དེ་ཡང་བོད་དང་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་རིགས་ཙམ་མིན་པར་འཛམ་གླིང་ལ་གལ་འགངས་ཆེན་པོ་ཡིན་པས་ད་རེས་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གནད་དོན་དེ་དག་ངེས་བར་གླེང་སློང་གནས་བའི་རེ་བ་ཡོད་པ་གསུངས་བྱུང་།
དེ་འབྲེལ་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱིས་(X)་སྤྱི་ཚོགས་དྲྭ་ལམ་སྟེང་། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་རྒྱ་ནག་ཏུ་ཕྱིན་ནས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་དང་རྒྱལ་སྤྱིའི་གནད་དོན་ཐོག་གྲོས་མོལ་བྱེད་པའི་འཆར་གཞི་ཡོད་སྟབས། སྐབས་དེར་རྒྱ་ནག་གཞུང་གིས་བོད་ནང་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་སོགས་རྩིས་མེད་རྡོག་རོལ་གཏོང་བཞིན་པའི་གནས་སྟངས་གླེང་སློང་བྱེད་པའི་སྐུལ་མ་ཞུས་འདུག
༢༠༢༣་ལོའི་ཟླ་༨པར། ཨ་རི་ཕྱི་སྲིད་ལྷན་ཁང་གིས་བོད་དུ་བཅའ་སྡོད་སློབ་གྲྭའི་མ་ལག་འཛུགས་སྐྲུན་དང་འབྲེལ་ཡོད་དཔོན་རིགས་ཁག་ཅིག་ལ་ཉེས་ཆད་བཅད་པ་རེད།
གསར་འགོད་པ། སྟག་ལྷ་རྒྱལ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།