དཀར་མོ་གཡང་འཁྱིལ་ཆུ་ཪགས་རྐྱེན་གྱིས་ཨ་ཚོགས་དགོན་པ་དང་མཆོད་རྟེན་སྡེ་བའི་ཤུལ་ཙམ་ཡང་མེད་པར་ཆུའི་ནང་དུ་བསྣུབས་ཡོད་འདུག
འདིར་གནན་ན་དབྱིན་ཡིག་ནང་འདིའི་སྐོར་གྱི་གནས་ཚུལ་ཞིབ་ཕྲ་ཀློག་ཐུབ།
ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༨ ནང་རྒྱ་ནག་གཞུང་གིས་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དཀར་མོ་གཡང་འཁྱིལ་གྱི་རྨ་ཆུ་གཙང་པོའི་ཆུ་གློག་ས་ཚིགས་འཛུགས་སྐྲུན་དང་། རྨ་ཆུའི་སྟོད་རྒྱུད་ཀྱི་དཀར་མོ་གཡང་འཁྱིལ་ཆུ་ཪགས་ཀྱི་ཆུའི་འབབ་རྒྱུན་སྟངས་འཛིན་བྱས་རྐྱེན། ཆུའི་བསགས་ཚད་ཇེ་མཐོར་སོང་སྟེ་གཙང་ཆུ་ཤུགས་ཆེར་རྒྱས་ནས། རྒྱ་ནག་གཞུང་གིས་འདི་ལོར་གཏོར་བཤིག་གནས་སྤོར་བཏང་བའི་ཨ་ཚོགས་དགོན་པ་དང་། དེ་བཞིན་ཉེ་འགྲམ་དུ་ཡོད་པའི་མཆོད་རྟེན་སྡེ་བ་སོགས་ཆུར་བསྣུབས་པ་དང་། ད་ལྟའི་ཆར་ཉེ་འགྲམ་དུ་ཡོད་པའི་གཡང་འཁྱིལ་གྲོང་སྡེའི་ཉེ་ཁུལ་དུ་ཆུ་བསླེབས་ཡོད་པས། མུ་མཐུད་བཀག་འགོག་བྱས་པ་ཡིན་ན་གཡང་འཁྱིལ་སྡེ་བ་གཙོས་ཉེ་ཁུལ་སྡེ་བ་ཁག་ལ་ཉེན་ཁ་ཡོད་པ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་སྲུང་སྐར་བརྒྱུད་བླངས་པའི་པར་རིས་སུ་གསལ་བ་མ་ཟད། བོད་ནང་གི་འབྲེལ་ཡོད་བོད་མི་གཉིས་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་གི་འདུག
སྲུང་སྐར་བརྒྱུད་ས་ཁམས་ཉམས་ཞིབ་པས་འགྲེལ་བརྗོད་གནང་བ་ལྟར་ན། རྒྱ་ནག་གཞུང་གིས་ཆུ་རགས་འཛུགས་སྐྲུན་གྱིས། གཙང་ཆུའི་འབབ་རྒྱུན་ལ་སྟངས་འཛིན་དེ་ཕྱི་ཟླ་ ༨ ཚེས་༡༠ ཡས་མས་ནང་མགོ་ཚུགས་ཡོད་པ་བརྗོད་སོང་ལ། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་ཐེངས་འདིར་དཀར་མོ་གཡང་འཁྱིལ་ཆུ་ཪགས་ཀྱི་ཆུའི་འབབ་རྒྱུན་ཕྱི་ཟླ་ ༨ པའི་ཚེས་ ༡༤ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡།༣༡ ཐོག་སྟངས་འཛིན་མགོ་ཚུགས་ཡོད་པ་བཀོད་འདུག་ན་ཡང་། ལྷོ་ཨེ་ཤེ་ཡའི་ Parley Policy Initiative ལྟེ་གནས་ཁང་གི་ངེས་སྟོན་པ་ Neeraj Singh Manhas ལགས་ཀྱིས། ཆུ་མཛོད་ཀྱི་སྟོད་རྒྱུད་དུ་ཆུའི་ཕུང་པོ་ཆེན་པོ་ཞིག་བསགས་ཡོད་པས། ཉེ་འགྲམ་གྱི་ས་ཁུལ་འགའ་ཞིག་ཆུའི་ནང་དུ་འཐིམས་ཟིན་ཡོད་པ་སོགས་ཆུ་མཛོད་ཀྱི་མཐའ་འཁོར་དུ་ས་ཁམས་ཀྱི་རྣམ་པ་གསར་པ་ཞིག་སྣང་རྒྱུ་ཡོད་པ་གསུངས་སོང་་ལ། ཡང་སྲུང་སྐར་པར་རིས་ཉམས་ཞིབ་ཐོག་ཆེད་མཁས་པ་ Jacob Bogle ལགས་ཀྱིས། པར་རིས་ནང་གསལ་བ་ལྟར་ན་ཆུ་བཀག་འགོག་རྐྱེན་ཀྱིས་ཕྱི་ཟླ་ ༨ པའི་ཚེས་ ༡༦ ཉིན་ནས་ཆུའི་མཐོ་ཚད་ཀྱིས་དགོན་པ་ནུབ་རྒྱུ་མགོ་ཚུགས་ཡོད་པ་དང་། ཕྱི་ཟླ་ ༨ པའི་ཚེས་ ༣༡ ཉིན་དགོན་པའི་ས་ཁྱོན་ཆ་ཚང་ཆུར་ནུབ་ཡོད་པ། དང་ཐོག་ཆུས་དགོན་པ་རྟེན་གཞི་བྱེད་སའི་ས་ཁྱོན་ཆུང་ཆུང་ཞིག་ཏུ་ཁྱབ་ཡོད་པ་དང་། དེ་ནས་རིམ་པས་རྒྱ་ཁྱོན་རྒྱས་ཏེ་དགོན་པ་ཙམ་དུ་མ་ཟད་མཐའ་འཁོར་གྱི་གྲོང་ཚོ་ཆ་ཚང་བསྣུབས་ཡོད་པ་བརྗོད་བྱུང་ལ། ཡང་རྒྱ་གར་ལྷོ་ཕྱོགས་བྷེང་ལོར་དུ་བརྟེན་གཞི་བྱས་པ་(Takshashila Institution) ལྟེ་གནས་ཁང་གི་ས་ཁམས་རིག་པའི་ཉམས་ཞིབ་སྡེ་ཚན་གྱི་འགན་འཛིན་དང་ཉམས་ཞིབ་པ་ Nithiyanandam ལགས་ཀྱིས། སྲུང་སྐར་ནས་བླངས་པའི་པར་ལ་བལྟས་ན། ཕྱི་ཟླ་ ༨ པའི་ཚེས་ ༢༣ གོང་དུ་ཨ་ཚོགས་དགོན་པ་དང་མཐའ་འཁོར་གྱི་ས་ཁུལ་ཕྱོགས་གཅིག་ཆུར་བསྣུབས་པ་མཐོང་ཐུབ་ཅིང་། ད་ལྟའི་ཆར་ཨ་ཚོགས་དགོན་ཤུལ་གྱི་ས་ཁྱོན་ཧེཀ་ཊར་ ༡༨ དང་། ཉེ་འཁོར་གྲོང་སྡེའི་ས་ཁྱོན་ཧེཀ་ཊར་ ༡༥ ཡོངས་རྫོགས་དང་། དེ་བཞིན་གཡང་འཁྱིལ་གྲོང་སྡེའི་ས་ཞིང་ཕྱེད་ཙམ་ཆུས་ཁེངས་མགོ་ཚུགས་ཡོད་པ་སོགས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་དཀར་མོ་གཡང་འཁྱིལ་ཆུ་མཛོད་བཟོ་སྐྲུན་ཆེད་དུས་རབས་ ༡༩ པ་ནས་ཡོད་པའི་ཨ་ཚོགས་དགོན་པ་གནས་སྤོར་བྱེད་དུ་བཅུག་ཡོད་པ་དང་། ཕྱི་ཟླ་ ༧ པའི་ནང་དེ་སྔ་དགོན་པ་ཡོད་སའི་ས་གནས་ནས་རྩ་གཏོར་གྱིས་ཤུལ་དུ་གྱང་རོ་ཙམ་ཡང་མཇལ་རྒྱུ་མེད་པ་བཟོས་ཡོད་པ་རེད་ལ། རྒྱ་ནག་གཞུང་འབྲེལ་རྒྱལ་ཡོངས་ཡར་རྒྱས་དང་སྒྱུར་བཅོས་ལྷན་ཁང་ཟེར་བས། གཡང་འཁྱིལ་རྨ་ཆུའི་ཆུ་རགས་འཛུགས་སྐྲུན་དང་འབྲེལ་རྒྱ་ནག་གཞུང་གིས་མཚོ་ལྷོ་ཁུལ་བྲག་དཀར་རྫོང་དང་མང་ར་རྫོང་ནས་བོད་རིགས་མི་གྲངས་ ༡༥༥༥༥ ལྷག་གནས་སྤོར་དགོས་སྐོར་བརྗོད་ཡོད་པ་རེད་ལ། ཡང་བོད་ནང་གི་འབྲེལ་ཡོད་ནས་རྒྱ་ནག་གཞུང་གིས་ཨ་ཚོགས་དགོན་པ་གནས་སྤོ་བྱས་རྗེས། ད་དུང་འཛུགས་སྐྲུན་སོགས་གང་ཡང་བྱས་མེད་པར་དགེ་འདུན་པ་ཚོ་མུ་མཐུད་ལྕགས་ཤོག་ཁང་པའི་ནང་སྡོད་དགོས་བྱུང་གི་ཡོད་པ་དང་། དེ་བཞིན་དགོན་པའི་ཉེ་འཁོར་དུ་ཡོད་པའི་དུང་དཀར་ཐང་གི་སྡེ་བ་གནས་སྤོ་བྱས་ཏེ། ཡུལ་མི་ཚོར་ཁ་གསབ་རོགས་དངུལ་སོགས་གང་ཡང་སྤྲོད་ཀྱི་མེད་པ་དང་། ས་གནས་ཡུལ་མི་ཚོས་ཆུ་མཛོད་རྐྱེན་གྱིས་གཡང་འཁྱིལ་སྡེ་བ་གཙོས་ཉེ་འཁོར་གྲོང་སྡེ་ཁག་ཏུ་ཆུ་ལོག་འབྱུང་རྒྱུའི་འཇིགས་སྣང་ཡོང་གི་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག
རྒྱ་ནག་གཞུང་འབྲེལ་ངོས་ནས་གཡང་འཁྱིལ་ཆུ་མཛོད་དེར་གློག་གི་ཤོང་ཚད་སྟོང་ཝ་ཁྲི་ ༡༢༠༠ དང་། ལོ་རེའི་ཆ་སྙོམས་དུས་ཚོད་ ༣༩༤༣ རིང་གློག་མཁོ་འདོན་ཆེད་བེད་སྤྱོད་བྱ་རྒྱུ་དང་། ལོ་རེའི་གློག་གཏོང་ཚད་སྟོང་ཝ་ཁྲི་དུང་ཕྱུར་ ༤༧.༣༢ དང་། ཆུ་རག་གི་སྤྱིའི་རྒྱ་ཁྱོན་རྒྱ་དཔང་གྲུ་བཞི་མ་ཁྲི ༣༩༠ ཡིན་པ་སོགས་བཀོད་འདུག་པ་དང་། ཡང་ཉམས་ཞིབ་པ་ Nithiyanandam ལགས་ཀྱིས། ད་ལྟའི་ཆར་རྒྱ་ནག་གཞུང་གིས་ཆུ་མཛོད་དེའི་ཆུ་བསགས་ཚད་མི་ཊར་ ༡༠༠ ལྷག་ཡིན་པས། ཆུ་བསགས་ཚད་མུ་མཐུད་རྒྱས་པ་ཡིན་ན་གྲོང་ཚོའི་ནང་ཆུ་ལོག་ཡོང་རྒྱུའི་ཉེན་ཁ་ཡོད་པ་བརྗོད་བྱུང་ལ། ཡང་ཉམས་ཞིབ་པ་ Neeraj Singh ལགས་ནས་ཆུ་མཛོད་ཀྱི་ཉེ་འཁོར་གྱི་ས་ཁུལ་ཁག་ཆུའི་ནང་དུ་ནུབ་རྐྱེན། མ་འོངས་པར་རྩི་ཤིང་གི་རིགས་ཉམས་རྒུད་དུ་འགྲོ་བ་དང་། གཙང་པོའི་ཆུའི་བཞུར་རྒྱུན་དམའ་རུ་འགྲོ་བ། ལྷག་པར་དུ་སྐམ་དུས་ཀྱི་ཆུའི་འབབ་ཚད་དམའ་རུ་འགྲོ་རྒྱུའི་ཉེན་ཁ་ཡོད་པ་སོགས་འགྲེལ་བརྗོད་གནང་གི་འདུག དེ་བཞིན་སྲུང་སྐར་ས་ཁམས་ཆེད་མཁས་པ་ Jacob Bogle ལགས་ནས་ཆུ་མཛོད་དེའི་ཆུ་བསགས་ཚད་རྒྱ་ཁྱོན་སྤྱི་ལེ་ ༣༠ ལྷག་ཡིན་ཟིན་ཡོད་པ་དང་། ད་ལྟ་ནས་ཐང་ནག་སྡེ་བའི་ས་ཞིང་ཕྱེད་ནང་ཆུ་ལོག་བྱུང་རྒྱུ་མགོ་ཚུགས་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།
རྒྱ་ནག་གཞུང་གིས་གཡང་འཁྱིལ་ཆུ་གློག་ས་ཚིགས་ཟེར་བ་དེ་ཕྱི་ལོ་ ༢༠༢༡ ལོའི་ཕྱི་ཟླ་ ༡༢ ནང་གཞུང་འབྲེལ་ཆུ་གློག་དང་རྟོགས་ཞིབ་རུ་ཁག་ཟེར་བས་ལྟ་ཞིབ་བྱས་རྗེས། ཆུ་གློག་འཛུགས་སྐྲུན་གྱི་འགན་གཙོ་བོ་རྨ་ཆུ་བཟོ་ལས་ཁང་ཟེར་བ་ཞིག་གིས་འཁུར་ཡོད་པ་དང་། ཆུ་གློག་ལས་གཞི་དེར་ཆོག་མཆན་སྤྲོད་མཁན་རྒྱ་ནག་རྒྱལ་ཁབ་འཕེལ་འགྱུར་ལས་ཁུངས་ཟེར་བ་ཞིག་ཡིན་པ་དང་། ལས་ཁུངས་དེའི་འགན་འཁུར་འོག་ཕྱི་ལོ་ ༢༠༡༦ ནས་ ༢༠༡༩ བར་དུ་མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་འགྲམ་རྒྱུད་གཅིག་པུར་ཆུ་རག་ཆེ་ཆུང་ ༡༢ འཛུགས་སྐྲུན་བྱས་ཡོད་པ་བརྗོད་ཡོད་པ་རེད་ལ། རྒྱ་ནག་གཞུང་གིས་བོད་ཀྱི་གཙང་པོ་ཁག་ཏུ་ཆུ་མཛོད་རྒྱག་ཆེད་ཡུལ་མི་གནས་སྤོ་དང་། དགོན་སྡེ་རྩ་གཏོར་སོགས་ཀྱི་ལས་འགུལ་ཤུགས་ཆེར་འགྲོ་བཞིན་ཡོད་པས། ཉམས་ཞིབ་པ་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་གཙང་བོ་ཆེ་ཁག་ལ་ཆུ་མཛོད་མང་པོ་བརྒྱབ་ཡོད་པ་དེས་བོད་ནང་གི་འབྱུང་ཁམས་དོ་སྙོམས་མི་ཡོང་བ་དང་། ཆུ་ལོག་དང་ས་ཡོམ་སོགས་ཀྱི་ཉེན་ཁ་ཡོད་པ། གཙང་ཆུའི་བཀག་གིས་གཙང་བོ་ཁག་གི་ཆུའི་བཞུར་རྒྱུན་ཉམས་དམས་སུ་གཏོང་རྒྱུ་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་པདྨ། བདེ་ཆེན་དབང་མོ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ། བདེ་སྐྱིད་ཀུན་སྒྲོལ།