ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་༥༥༠འཁོར་བའི་རྗེས་དྲན་ཚོགས་ཡོད་པ།

2023.12.30
ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་༥༥༠འཁོར་བའི་རྗེས་དྲན་ཚོགས་ཡོད་པ། ཁྲི་ཆེན་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་༥༥༠འཁོར་བའི་རྗེས་དྲན་ཚོགས་ཡོད་པ།
སྲིད་སྐྱོང་མཆོག་གི་ངོ་དེབ།

དགའ་ལྡན་ཁྲི་ཐོག་དྲུག་པ་དང་དགེ་ལྡན་སྙན་རྒྱུད་ཀྱི་གདམས་པའི་མཛོད་འཛིན་བ་སོ་ཆོས་ཀྱི་རྒྱལ་མཚན་མཆོག་དགོངས་པ་མྱ་ངན་ལས་འདས་ནས་མི་ལོ་ཧྲིལ་བོ་༥༥༠འཁོར་བའི་རྗེས་དྲན་ཞིག་རྒྱ་གར་གྱི་གནས་མཆོག་རྡོ་རྗེ་གདན་གྱི་རྒྱལ་སྤྱིའི་རིག་གཞུང་ལྟེ་གནས་ཁང་དུ་སྤྱི་ཟླ་༡༢ཚེས་༢༩ཉིན་གནང་བ་དང་། དེའི་ཚོགས་མགོན་དུ་སྐུ་མགྲོན་གཙོ་བོར་༧སྐྱབས་མགོན་ས་སྐྱ་༧གོང་མ་ཁྲི་ཆེན་རྡོ་འཆང་ཆེན་པོ་མཆོག་དང་། དམིགས་བསལ་སྐུ་མགྲོན་དུ་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་དང་རྗེ་ཡབ་སྲས་གསུམ་གྱི་ནང་ཚན་མཁས་གྲུབ་དགེ་ལེགས་དཔལ་བཟང་གི་གཅུང་བ་སོ་ཆོས་ཀྱི་རྒྱལ་མཚན་པའི་མཆོག་སྤྲུལ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་སྐུ་ཕྲེང་བཅུ་གསུམ་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་སོགས་མཁན་བླ་སྤྲུལ་མང་པོ་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་བཅས་ཕེབས་ཡོད་པའི་སར་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་མཆོག་སྤྲུལ་རིན་པོ་ཆེ་གིས་རིན་པོ་ཆེ་སྐུ་སྒེར་སོ་སོའི་འཁྲུངས་སྐར་ཚུན་ལ་བྱེད་སྒོ་སྣ་ཚོགས་སྤེལ་རྒྱུར་ཐུགས་མོས་མེད་ནའང་། ཀུན་བདེ་གླིང་བླ་བྲང་གི་ཐོག་ནས་བ་སོ་ཆོས་ཀྱི་རྒྱལ་མཚན་ལ་རྗེས་དྲན་ཞུ་འཆར་ལ་བཀག་འགོག་གི་སྤོབས་པ་མེད་པ་དང་མཚུངས་༧གོང་ས་མཆོག་ཆིབས་སྒྱུར་གྱི་སྐབས་དང་བསྟུན་གནས་མཆོག་རྡོ་རྗེ་གདན་དུ་དགོངས་རྫོགས་མཆོད་འབུལ་གནང་རྒྱུའི་དགོངས་འཆར་ཕུལ་བ་དང་། གཙོ་བོ་གཅུང་བ་སོ་ཆོས་ཀྱི་རྒྱལ་མཚན་གྱི་རྣམ་ཐར་ལ་རྗེས་སུ་སློབ་དགོས་པ་ཐུགས་ལ་འཇག་རོགས་ཞེས་འབོད་སྐུལ་གནང་འདུག       

415622395_692609283003527_3901200280523416075_n.jpg

ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཀུན་བདེ་གླིང་རིན་པོ་ཆེ་མཆོག་གི་སྐུ་གསུང་ཐུགས་ཀྱི་མཛད་འཕྲིན་དབྱར་མཚོ་ལྟར་རྒྱས་པའི་གསུང་བཤད་གནང་ཡོད་ཅིང་། ཕྱོགས་མཚུངས་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་ཀྱང་། བ་སོ་ཆོས་རྗེ་དགའ་ལྡན་ཁྲི་ལ་ཕེབས་ནས་སྙན་རྒྱུད་ཀྱི་གདམས་པ་ཁྱབ་གདལ་ཤུགས་ཆེ་བྱུང་བ་སྟེ་ཁོང་གི་ཞལ་སློབ་རྡོ་རྗེ་མཆེད་གསུམ་སོགས་ལ་ཚེ་གཅིག་རིང་ཟུང་འཇུག་གི་གོ་འཕང་བརྙེས་པ་དེས་རྗེའི་བསྟན་པར་ཉམས་ལེན་མཐིལ་ཕྱིན་བྱས་ན་ཚེ་གཅིག་ལ་ཟུང་འཇུག་གི་གོ་འཕང་བརྙེས་པའི་དམིགས་བསལ་གྱི་ཐབས་ལམ་ཡོད་པ་གསལ་པོ་ཆགས་ཡོད་པས་རྗེས་འཇུག་གདུལ་བྱ་ཚོས་ཉམས་ལེན་གནང་དགོས་པར་གསུང་གི་འདུག་ཅིང་།        གཞན་ཡང་དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་དང་བྱང་རྩེ་ཆོས་རྗེ་སྒོ་སོག་རིན་པོ་ཆེ་ནས་ཀྱང་བ་སོ་ཆོས་རྗེ་རྗེས་དྲན་ངོ་མ་ནི་ཁོང་གི་མཛད་པ་རྣམ་ཐར་ལ་བསླབས་ཏེ་རྗེ་བླ་མའི་བསྟན་པར་བྱ་བ་བྱེད་དགོས་པའི་བསླབ་འདོམས་གནང་བའི་རྗེས་༧སྐྱབས་མགོན་ས་སྐྱ་གོང་མ་༧ཁྲི་ཆེན་རྡོ་རྗེ་འཆང་ཆེན་པོ་མཆོག་གིས་ཀུན་བདེ་གླིང་སྐུ་ཕྲེང་རིམ་བྱོན་གྱིས་བསྟན་འགྲོའི་དོན་རྒྱ་ཆེར་མཛད་ཡོད་པ་དང་། ཁོང་སྐུ་སྒེར་མཚོན་ན་ཀུན་བདེ་གླིང་སྐུ་ཐོག་གོང་མ་དང་འབྲེལ་ལམ་ཆེན་པོ་ཡོད་པ་མཆོག་སྤྲུལ་རིན་པོ་ཆེ་སྐུ་ཚེ་ཞབས་པད་བརྟན་པའི་སྒོ་ནས་སྐུ་གོང་མའི་རྣམ་ཐར་བདག་གིར་བཞེས་རོགས་ཞེས་བཀའ་སློབ་གནང་འདུག

དགེ་ལྡན་སྙན་རྒྱུད་ཀྱི་བསྟན་པའི་བདག་པོ་གཅུང་བ་སོ་ཆོས་ཀྱི་རྒྱལ་མཚན་ནི། སྤྱི་ལོ་༡༤༠༢ལོར་གཙང་ལྡོག་གཞུང་དུ་འཁྲུངས་ཏེ་རྟོགས་ལྡན་འཇམ་དཔལ་རྒྱ་མཚོ་དང་མཁས་གྲུབ་དགེ་ལེགས་དཔལ་བཟང་གཉིས་ལ་རྗེ་རིན་པོ་ཆེ་ནས་བརྒྱུད་པའི་ཚེ་གཅིག་ལ་འཚང་རྒྱ་བའི་མན་ངག་ཐུན་མོང་མ་ཡིན་པ་སྟེ་དགེ་ལྡན་སྙན་རྒྱུད་ཀྱི་གདམས་པའི་ཁུངས་བཅོལ་ས་ཆགས་ཡོད་ཅིང་།   ཁོང་གི་སྐྱེ་ཕྲེང་འཛིན་པ་ཀུན་བདེ་གླིང་རྟ་ཚག་རྗེ་དྲུང་རིམ་བྱོན་ནི།              དགའ་ལྡན་ཕོ་བྲང་གི་སྐབས་བོད་རྒྱ་ཧོར་གསུམ་གྱི་ནང་ཧ་ཅང་ཤུགས་རྐྱེན་ཆེ་བའི་བླ་སྤྲུལ་ཅིག་ཡིན་པར་བརྟེན་རྗེ་དྲུང་བློ་བཟང་བསྟན་པའི་མགོན་པོ་ནས་བཟུང་སྐུ་ཐོག་གཉིས་རིང་བོད་ཀྱི་རྒྱལ་ཚབ་གནང་སྟེ་༧རྒྱལ་དབང་སྐུ་ཕྲེང་དགུ་པ་དང་བཅུ་གསུམ་པ་གཉིས་གསེར་བུམ་དཀྲུག་འདོན་མ་དགོས་པར་ཁྲི་འདོན་གནང་ཐུབ་པ་དང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་གཅིག་པ་དང་བཅུ་གསུམ་པའི་ཡོངས་འཛིན་ཀྱང་གནང་ལམ་བྱུང་ཡོད་པ་དང་། ད་ལྟའི་རྟ་ཚག་རྗེ་དྲུང་སྐུ་ཕྲེང་༡༣

འདི་བཞིན་སྤྱི་ལོ་༡༩༨༣ལོར་བོད་ཀྱི་རྒྱལ་ས་ལྷ་སའི་དབང་ལྡན་དཔལ་འབར་དུ་འཁྲུངས་པ་དང་རིམ་པས་རྒྱ་གར་ལྷོ་ཕྱོགས་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་ཆོས་ཞུགས་དགེ་བཤེས་ཐོན་ཡོད་པ་རེད།།

 

གསར་འགོད་པ། བློ་བྷེ།

རྩོམ་སྒྲིག་པ། ཚེ་བརྟན་རྣམ་རྒྱལ།

དྲྭ་ཐོག་སྤེལ་མཁན། པ་སངས་དོན་ལྡན།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་རྒྱ་གར་གྱི་གཏམ་བརྗོད་དང་གློག་བརྙན་འཁྲབ་སྟོན་པ་ཁག་ཅིག་ལ་མཇལ་ཁ་བསྩལ་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་མིའི་སྒྲིག་འཛུགས་ཀྱི་གཏན་འཇགས་ཐབས་ཇུས་འཆར་འགོད་ཚོགས་ཆུང་གི་ཚོགས་འདུ་ཐེངས་དྲུག་པ་སུད་སིར་ཉིན་གཉིས་རིང་འཚོགས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎