རྒྱ་གར་གྱི་ཞི་བའི་གཟེངས་རྟགས་མཐོ་ཤོས་དེ་༸གོང་ས་མཆོག་ལ་འབུལ་དགོས། ཁྲིགས་སེ་རིན་པོ་ཆེ།

2020-08-29
གློག་འཕྲིན།
མཆན།
Share
པར་བཀོད།
༸གོང་ས་མཆོག་ལ་རྒྱ་གར་གྱི་ཞི་བའི་གཟེངས་རྟགས་མཐོ་ཤོས་Bharat Ratna འམ་རྒྱ་གར་གྱི་ནོར་བུ་ཞེས་པ་དེ་འབུལ་ལམ་ཞུ་དགོས་སྐོར་ལ་དྭགས་ཀྱི་བླ་ཆེན་ཁྲིགས་སེ་རིན་པོ་ཆེ་མཆོག་གིས་གསུངས་འདུག
༸གོང་ས་མཆོག་ལ་རྒྱ་གར་གྱི་ཞི་བའི་གཟེངས་རྟགས་མཐོ་ཤོས་Bharat Ratna འམ་རྒྱ་གར་གྱི་ནོར་བུ་ཞེས་པ་དེ་འབུལ་ལམ་ཞུ་དགོས་སྐོར་ལ་དྭགས་ཀྱི་བླ་ཆེན་ཁྲིགས་སེ་རིན་པོ་ཆེ་མཆོག་གིས་གསུངས་འདུག
ཁྲིགས་སེ་དགོན་པའི་ངོ་དེབ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་འཛམ་གླིང་ཞི་བདེའི་དེད་དཔོན་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཞི་བའི་གཟེངས་རྟགས་མཐོ་ཤོས་Bharat Ratna འམ་རྒྱ་གར་གྱི་ནོར་བུ་ཞེས་པ་དེ་འབུལ་ལམ་ཞུ་དགོས་སྐོར་ལ་དྭགས་ཀྱི་བླ་ཆེན་ཁྲིགས་སེ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་རྣམ་གཉིས་ལ་ཕྱག་བྲིས་ཕུལ་གནང་འདུག

ལ་དགས་ཀྱི་ཁྲིགས་སེ་དང་བདེ་སྐྱིད་དགོན་པའི་དབུ་བླ་དང་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ཁྲིགས་སེ་རིན་པོ་ཆེ་མཆོག་གིས་ཁ་ས་ཕྱི་ཚེས་༢༨་ཉིན་གསར་འགོད་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་མང་རྣམས་ནི་ཆོས་དང་རིག་གཞུང་ཐད་རྒྱ་གར་གྱི་གནའ་བོའི་དཔལ་ནཱ་ལན་དཱ་ལས་བྱུང་བའི་བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་དང་འབྲེལ་བ་ཆེན་པོ་ཡོད་པ་དང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་མང་རྣམས་ལ་བཀའ་ཆོས་དང་ལམ་སྟོན་བཀའ་སློབ་བཀྲིན་སྩལ་གནང་མཛད་པ་ཁག་གིས་བྱིན་རླབས་ཡོད་པ་དང་༧མགོན་པོ་གང་ཉིད་ལ་དྭགས་དང་འབྲས་ལྗོངས་ཧི་མ་ཅལ་མངའ་སྡེ། དེ་བཞིན་ཨ་རུ་ཎ་ཅལ་མངའ་སྡེའམ་མོན་ཏ་ཝང་ཁུལ་དུ་ཆིབས་བསྒྱུར་བཀྲིན་ལན་མང་བསྐྱངས་གནང་མཛད་པ་ཁག་ལ་བརྟེན་ནས་གནའ་བོའི་འབྲེལ་ལམ་དེ་རྒྱ་ཆེ་གཏིང་གཟབ་བྱུང་བ་མ་ཟད་ཐུན་མོང་གི་ཆོས་དང་རིག་གཞུང་ཀྱི་ནུས་པ་ཡང་ཇེ་ཆེར་རྒྱས་ཡོད། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནི་འཛམ་གླིང་ཁྱོན་ཡོངས་ནང་ཞི་བདེ་དང་བློ་གྲོས་དང་རྣམ་དཔྱོད་རྒྱལ་ཀུན་སྙིང་རྗེའི་རང་གཟུགས་ཞིག་ཏུ་ངོས་འཛིན་ཞུ་ཡི་ཡོད་ལ། ༧གང་ཉིད་ལ་གཟེངས་རྟགས་དང་བྱ་དགའ་མང་པོ་ཕུལ་ནས་ཆེ་བསྟོད་ཆེན་པོ་ཞུས་ཡོད་པ་སྤྱི་དང་ལྷག་དོན་དུ་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་རྣམས་ལ་༧མགོན་པོ་གང་ཉིད་ནི་དགེ་བའི་བཤེས་གཉེན་དང་མཁྱེན་པའི་བདག་ཉིད་སློབ་སྟོན་པའི་འབྲེལ་བ་ཡོད་སྟབས། ༧གང་ཉིད་ལ་༧རྒྱལ་བ་ཡིད་བཞིན་ནོར་བུ་དང་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་ཞུ་བཞིན་ཡོད་༧གང་ཉིད་ཀྱིས་བཙན་འབྱོལ་ནང་མཛད་འཕྲིན་བསྐྱངས་གནང་མཛད་པ་ཁག་གིས་ཧི་མ་ལ་ཡའི་རི་བརྒྱུད་ཀྱི་མི་མང་རྣམས་ལ་ཕན་ཐོགས་ཧ་ལས་པའི་ཆེན་པོ་བྱུང་ཡོད་སྟབས།༧མགོན་གང་ཉིད་ཀྱི་བཀྲིན་བསམ་ཤེས་ཞུས་པའི་ཐོག་ནས་མི་མང་རྣམས་མཉམ་རུབ་སྒོ་ནས་༧གང་ཉིད་ལ་ཆེ་བསྟོད་ཞུ་རྒྱུའི་ལས་དོན་སྤེལ་དགོས་ངེས་ཅན་ཡིན། དེས་ན་རྒྱ་གར་གྱི་གྲོས་ཚོགས་གོང་མའི་འཐུས་མི་ཟུར་པ་ཞིག་དང་ལ་དྭགས་ཁུལ་གྱི་དགོན་པའི་སྤྱི་ཚོགས་ཀྱི་སྐུ་ཚབ་བགྲེས་པ་ཞིག་ཡིན་པའི་ངོས་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་གྱི་ཞི་བའི་གཟེངས་རྟགས་མཐོ་ཤོས་Bharat Ratna འབུལ་ལམ་ཞུ་དགོས་པའི་ངོ་སྤྲོད་རྒྱབ་སྐྱོར་ཞུ་ཡི་ཡོད་ཅེས་གསར་འགོད་གསལ་བསྒྲགས་ནང་བཀོད་གནང་འདུག།

གཟེངས་རྟགས་དེ་༧གོང་ས་མཆོག་ལ་འབུལ་ལམ་ཞུ་དགོས་སྐོར་རྒྱ་གར་གྱི་སྲིད་འཛིན་དང་སྲིད་བློན་རྣམ་གཉིས་ཀྱི་ལས་ཁུངས་ལ་ཕྱག་ཡིག་འབུལ་ལམ་ཞུས་ཡོད་པ་མ་ཟད། ཧི་མ་ལ་ཡའི་རི་བརྒྱུད་ཁུལ་གྱི་མི་མང་ཡོངས་ནས་རང་གིས་འོས་འདེམས་ཞུས་པའི་སྐུ་ཚབ་འཐུས་མི་རྣམས་ལ་ཕྱག་ཡིག་ཕུལ་ནས་དེ་དེ་བཞིན་གྱིས་འབོད་སྐུལ་ཞུ་དགོས་པའི་སྐོར་ཁྲིགས་སེ་རིན་པོ་ཆེ་མཆོག་གིས་གོང་ཞུས་གསར་འགོད་གསལ་བསྒྲགས་ནང་བཀོད་གནང་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།