ཨ་རིའི་སྲིད་འཛིན་གྱིས་ཞི་ཅིན་ཕིན་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་རྒྱུའི་ཚོད་དཔག་བྱེད་བཞིན་འདུག

2023.11.13
ཨ་རིའི་སྲིད་འཛིན་གྱིས་ཞི་ཅིན་ཕིན་དང་མཉམ་དུ་འགྲོ་བ་མིའི་ཐོབ་ཐང་སྐོར་གླེང་སློང་གནང་རྒྱུའི་ཚོད་དཔག་བྱེད་བཞིན་འདུག ཞི་ཅིན་ཕིན་ཨ་རིའི་ནང་མ་འབྱོར་སྔོན་འཕྲེད་དར་དཔྱང་ནས་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༡༡།༡༠།༢༠༢༣
SFT

དེ་ཡང་ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་མཆོག་གིས་རྒྱ་ནག་དང་མཉམ་དུ་དམག་དོན་གྱི་འབྲེལ་ལམ་སླར་གསོ་གནང་རྒྱུར་འདུན་པ་ཡོད་སྐོར། ཨ་རིའི་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇགས་སློབ་སྟོན་པ་སྐུ་ཞབས་(Jake Sullivan)་ཡིས་ཨ་མི་རི་ཀའི་སྲིད་འཛིན་དང་རྒྱ་ནག་གི་འགོ་ཁྲིད་བར་མཇལ་འཕྲད་མ་གནང་གོང་ལ་གསུངས་ཡོད་པ་དང་། དེ་བཞིན་ཨ་རིའི་གཞུང་འབྲེལ་དཔོན་རིགས་མཐོ་གྲས་ཞིག་གིས་ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་མཆོག་གིས་ཨ་རྒྱ་གཉིས་ཀྱི་འབྲེལ་ལམ་གཙོས་གོ་ལ་རང་བཞིན་གྱི་གནད་དོན་མང་པོ་ཐད་གོ་བསྡུར་གླེང་སློང་གནང་རྒྱུ་དང་། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་ཐད་གླེང་སློང་གནང་རྒྱུའི་ཚོད་དཔག་གནང་གི་ཡོད་པ་གསུངས་འདུག
ཨ་མི་རི་ཀའི་སྲིད་འཛིན་(Joe Biden)་མཆོག་དང་རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིན་བར་ཨ་རིའི་གྲོང་ཁྱེར་(San Francisco)་ནང་བསྐོང་ཚོགས་གནང་རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་གྱི་ལྷན་ཚོགས་ཐོག་ཕྱི་ཚེས་༡༥་ཉིན་དངོས་སུ་མཇལ་འཕྲད་གནང་གི་ཡོད་པ་དང་། དེ་ནི་སྲིད་འཛིན་(Biden)་གྱིས་ཕྱི་ལོ་༢༠༢༡ལོར་ཨ་མི་རི་ཀའི་སྲིད་འཛིན་གྱི་ཐུགས་འགན་བཞེས་པའི་རྗེས་ད་བར་འགོ་ཁྲིད་རྣམ་གཉིས་བར་ཕན་ཚུན་མཇལ་འཕྲད་གནང་བ་ཐེངས་གཉིས་པ་དང་ཨ་རིའི་ས་ཐོག་ཏུ་ཐེངས་དང་པོ་དེ་ཆགས་ཀྱི་ཡོད་པ་རེད།
ཐེངས་འདིར་འགོ་ཁྲིད་རྣམ་གཉིས་བར་མཇལ་འཕྲད་སྐབས། ཨ་མི་རི་ཀའི་སྲིད་འཛིན་མཆོག་གིས་ཐུགས་ཐག་ཆོད་པོས་རྒྱ་ནག་དང་དམག་དོན་གྱི་འབྲེལ་ལམ་བསྐྱར་གསོ་གནང་རྒྱུ་ཡིན་ཞིང། དེ་ནི་ཨ་མི་རི་ཀའི་རྒྱལ་ཡོངས་བདེ་འཇགས་ཀྱི་ལས་དོན་ལ་ཁེ་ཕན་ཡོད་པར་ངོས་འཛིན་གནང་གི་འདུག་ཅེས་ཕོ་བྲང་དཀར་པོའི་རྒྱལ་ཡོངས་བདེ་འཇག་སློབ་སྟོན་པ་སྐུ་ཞབས་(Sullivan)་ཡིས་(CBS)་གསར་ཁང་གི་བཅའ་འདྲིར་བཀའ་ལན་གནང་ཡོད་པ་རེད།
རྩ་བའི་ཨ་མི་རི་ཀའི་གྲོང་ཁྱེར་(San Francisco)་ནང་བསྐོང་འཚོགས་གནང་རྒྱུའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་གྱི་ལྷན་ཚོགས་ཐོག རྒྱ་ནག་གི་འགོ་ཁྲིད་ཞི་ཅིང་ཕིན་མཉམ་ཞུགས་ཀྱིས་ཕྱི་ཚེས་༡༥་ཉིན་ཨ་མི་རི་ཀའི་སྲིད་འཛིན་(Biden)་མཆོག་དང་དངོས་སུ་མཇལ་མོལ་གནང་བའི་སྐབས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པ་མ་ཟད། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པ་དང་། བོད་ཕྲུག་ས་ཡ་བརྒལ་བ་ཕ་མ་དང་ཁ་བྲལ་བཏང་ནས་རྒྱ་ནག་གཞུང་གིས་བཙུགས་པའི་བཅའ་སྡོད་སློབ་གྲྭའི་ནང་བཅུག་ཏེ་རྒྱ་བསྒྱུར་སློབ་གསོ་སྤེལ་ནས་མི་རིགས་རྩ་མེད་བཟོ་བཞིན་པར་བློ་འཚབ་ཡོད་པ་སོགས་སྲིད་འཛིན་(Biden)་མཆོག་གིས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ངེས་པར་དུ་གླེང་སློང་གནང་དགོས་སྐོར་བོད་མིའི་སྒྲིག་འཛུགས་དང་། ཚོགས་སྡེ་ཁག་གིས་འབོད་སྐུལ་ཞུ་བཞིན་ཡོད་ཅིང་། འདི་ཟླའི་ཚེས་༡༠ཉིན་བོད་རང་དབང་སློབ་ཕྲུག་ཚོགས་པའི་ཚོགས་མི་ན་གཞོན་ལས་འགུལ་བ་གསུམ་གྱིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་འབྲེལ་གྱི་ཚོགས་ཆེན་ཚོགས་ཡུལ་(Moscone Center)་ཞེས་པའི་ཚོགས་ཁང་བྱང་ངོས་ཀྱི་སྟེང་ནས། སྲིད་དབང་སྒེར་འཛིན་པ་རྒྱ་ནག་གི་འགོ་ཁྲིད་ཞི་ཅིན་ཕིན་ཁྱེད་ཀྱི་དུས་ཚོད་རྫོགས་པ་རེད། བོད་ལ་རང་དབང་དགོས་ཞེས་འཁོད་པའི་འཕྲེད་དར་ཆེན་པོ་ཞིག་དཔྱང་ཡོད་པ་དང་།

tibetan protest xi dc.JPG
ཨ་རིའི་རྒྱལ་སའི་ཕོ་བྲང་དཀར་པོའི་མདུན་བོད་མི་ཚོས་ཞི་ཅིན་ཕིན་ལ་ངོ་རྒོལ་ལས་འགུལ་སྤེལ་སྐབས། ༡༡།༡༡།༢༠༢༣ Photo @Lhuboom/RFA

ཕྱི་ཚེས་༡༡་ཉིན་ནེའུ་ཡོག་དང་ནེའུ་ཇར་སིའི་ས་གནས་གཞོན་ནུ་དང་། ཨ་རིའི་རྒྱལ་སའི་ས་གནས་གཞོན་ནུ་གཉིས་ཀྱིས་ཟུང་འབྲེལ་གོ་སྒྲིག་འོག་བོད་མི་ཚོས་ཨ་རིའི་རྒྱལ་སའི་ཁུལ་དང་ཕོ་བྲང་དཀར་པོའི་མདུན་སྲིད་འཛིན་ཞི་ཅིང་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཞོར་ཨ་རིའི་སྲིད་འཛིན་ལ་ཞི་ཅིན་ཕིན་དང་མཉམ་དུ་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་གླེང་སློང་དགོས་བའི་འབོད་སྐུལ་གནང་ཡོད་པ་རེད།
ཕྱི་ཚེས་༡༥་ཉིན་བོད་མི་དང་བོད་དོན་རྒྱབ་སྐྱོར་བ། རྒྱ་ནག་གི་དམངས་གཙོ་དོན་གཉེར་བ། ཧོང་ཀོང་དང་། ཤར་ཏུར་ཀི་སི་ཐན་གྱི་ཡུ་གུར་མི་རིགས། ཕྱི་སོག་སོགས་མང་གཙོ་དང་རང་དབང་ལ་དགའ་བའི་ཚོགས་སྡེ་མང་པོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིང་ཕིང་ལ་ངོ་རྒོལ་གྱི་ལས་འགུལ་ཤུགས་ཆེ་སྤེལ་གནང་རྒྱུ་ཡིན་པ་རེད།
དེའི་སྔོན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་དང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཚོགས་པ་ཁག་དང་། འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བའི་ཚོགས་སྡེ་ཁག་༥༩ཡིས་ཨ་རིའི་སྲིད་འཛིན་(Joe Biden)་མཆོག་ལ། རིང་མིན་ཨ་རིའི་གྲོང་ཁྱེར་(San Francisco)་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིན་དང་ལྷན་དུ་(APEC)་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོའི་དཔལ་འབྱོར་མཉམ་ལས་ལྷན་ཚོགས་ཀྱི་ཞོར་བཀའ་མོལ་གནང་སྐབས། རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཐད་བློ་འཚབ་ཡོད་པ་དང་། འགྲོ་བ་མིའི་ཐོབ་ཐང་ངེས་པར་དུ་ཡར་རྒྱས་གཏོང་དགོས་པ་སོགས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ངེས་པར་དུ་གླེང་སློང་གནང་དགོས་པའི་འབོད་སྐུལ་གྱི་སྙན་ཞུ་ཕུལ་ཡོད་པ་རེད།
ད་དུང་ཚེས་༡༡ཉིན། རྒྱ་ནག་གི་དམངས་གཙོ་འཐབ་རྩོད་པ་གྲགས་ཅན་ཝེ་ཇན་ཧྲིན་དང་། ཝང་ཏན། ཝང་ཇན་ཐའོ་བཅས་དམངས་གཙོ་དོན་གཉེར་བ་མང་པོ་མཉམ་དུ་འཛོམས་ནས། རྒྱལ་དོན་ཚོགས་འདུ་ཞེས་གསར་འགོད་བསྒྲགས་གཏམ་གྱི་ཚོགས་འདུ་ཞིག་འཚོགས་ཡོད་འདུག་ལ། ཚོགས་ཐོག་ཏུ་ཨ་རིའི་གྲོས་ཚོགས་འོག་མའི་རྒྱ་ནག་ལས་དོན་རྒྱུན་ལས་ཚོགས་མི་(Gallagher)་ལགས་མཉམ་ཞུགས་ཀྱིས་གཏམ་བཤད་གནང་ཡོད་འདུག


གསར་འགོད་པ། དབྱངས་སྒྲོན།
རྩོམ་སྒྲིག་པ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
སྡེ་དགེ་དབོན་སྟོད་ཁུལ་དུ་ཁྱོན་མི་གྲངས་༡༠༠༠ལྷག་རྒྱ་ནག་གི་ཉེན་རྟོག་པས་འཛིན་བཟུང་བྱས་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎