བོད་ནང་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་སློབ་སྦྱོང་བྱེད་དུ་འཇུག་བཞིན་འདུག

2021.03.18
བོད་ནང་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་སློབ་སྦྱོང་བྱེད་དུ་འཇུག་བཞིན་འདུག བོད་ནང་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་སློབ་སྦྱོང་བྱེད་དུ་འཇུག་བཞིན་པ། ༣།༢༠༢༡
རྒྱ་ནག་གཞུང་འབྲེལ་དྲ་ལམ་ནས་བཤུས།

བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་ཡོད་པའི་ས་གནས་ཁག་ནང་རྒྱ་ནག་དམར་ཤོག་གཞུང་གི་ཆེས་མཐོའི་དབང་འཛིན་པ་ཞི་ཅིན་ཕིང་གི་གཏམ་བཤད་གཞིར་བཟུང་བཙན་ཤེད་ངང་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་འགོ་བཙུགས་ཡོད་འདུག
དེ་ཡང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱ་ནག་རྒྱལ་ཡོངས་སུ་གུང་ཁྲན་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་མཐོ་རླབས་ཤིག་འཕྱུར་བཞིན་པའི་སྐབས་འདིར། བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་གཏོགས་པའི་བོད་ཀྱི་ས་ཁུལ་ཁག་ནང་ལ་ཡང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་ཙམ་མ་ཟད། ལེགས་པར་སྦྱོངས་དགོས་ལུགས་བརྗོད་པ་གཞིར་བཟུང་བོད་ཀྱི་ས་ཁུལ་མང་པོའི་ནང་གི་ལས་བྱེད་པ་དང་སློབ་ཕྲུག ཞིང་འབྲོག་མང་ཚོགས་ཚོར་གུང་ཁྲན་ཏང་གི་ལོ་རྒྱུས་སློབ་སྦྱོང་སྤྲོད་བཞིན་ཡོད་འདུག
དེ་ཡང་རྒྱ་ནག་གཞུང་གི་འབྲེལ་ཡོད་ལས་ཁུངས་དང་ལས་བྱེད་པ་ཚོས་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་གཏམ་བཤད་ཀྱི་ནང་དོན་ཁག་ནི། བསླབ་གཞི་ཡག་ཤོས་དེ་ཡིན་པ་དང་། གུང་ཁྲན་དམར་ཤོག་ཚོགས་པ་དང་། རྒྱལ་ཁབ་ཀྱི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པ་ནི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ་དམིགས་ཡུལ་བཟང་ཤོས་ཡིན་པ། དམར་ཤོག་ཚོགས་པ་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་མུ་མཐུད་མདུན་ཕྱོགས་སུ་སྐུལ་འདེད་གཏོང་བར་ངེས་པར་དུ་སྦྱོང་དགོས་ལུགས་སོགས་ཀྱི་དྲིལ་བསྒྲགས་བྱེད་བཞིན་ཡོད་འདུག
རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་ཤེས་རྟོགས་ཐུབ་པ་ནི། རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་སློབ་སྦྱོང་བྱེད་པའི་ལས་འགུལ་ཁག་ལས་ཁུངས་དང་སྒེར་གྱི་ཚན་པ། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་སོགས་ཁྱབ་ཁོངས་ཚང་མའི་ནང་ལག་བསྟར་བྱེད་བཞིན་ཡོད་འདུག་ལ། སློབ་སྦྱོང་བྱས་པ་བརྒྱུད་བསམ་ཚུལ་གོ་རྟོགས་ཡར་རྒྱས་ཕྱིན་པའི་ཡི་གེ་ཡང་བཙན་ཤེད་ཀྱིས་འབྲི་འཇུག་གི་ཡོད་འདུག
དཔེར་ན། གཞིས་རྩེ་ཁུལ་དུ་མཚོན་ན། ལོ་རྒྱུས་ཀྱི་རང་རྟོགས་ཆེར་བསྐྱེད་དང་འཐབ་ཇུས་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ཀྱིས་དད་སེམས་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་ཞེས་པའི་བརྗོད་གཞིའི་ཐོག་ནས་ཚང་མར་དམར་ཤོག་གི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་བཅུག་ཡོད་འདུག་ལ། རྒྱ་ནག་གི་གུང་ཁྲན་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་བརྒྱ་ཐམ་པ་དང་། བོད་ལ་ཞི་བའི་བཅིངས་གྲོལ་ཟེར་བ་བཏང་ནས་ལོ་ངོ་༧༠འཁོར་བར་ལེགས་སྐྱེས་ཕུལ་དགོས་པ་ཡང་བརྗོད་འདུག
དེ་བཞིན་ཀོང་པོ་ཁུལ་དུ་མཚོན་ན། ཟླ་༣ཚེས་༡༦ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱས་ཏེ་ཀོང་པོ་ཁུལ་གྱི་ཡུན་རིང་བརྟན་ལྷིང་ངང་གནས་རྒྱུར་ཤུགས་གནོན་རྒྱག་དགོས་པ་བརྗོད་འདུག
ཆབ་མདོ་ཁུལ་དུ་ཟླ་༣ཚེས་༡༧ཉིན་རང་སྐྱོང་ལྗོངས་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་ལེགས་སྒྲིག་ཟེར་བའི་ཐོག་ནས་ཆབ་མདོར་ཚོགས་འདུ་སྐོང་ཚོགས་བྱས་ཏེ་སྲིད་འཛིན་ཞི་ཅིན་ཕིང་གིས་སྲིད་ཁྲིམས་དཔུང་ཁག་གི་འཛུགས་སྐྲུན་ལ་དོ་འཁུར་ཆེན་པོ་བྱེད་ཀྱི་ཡོད་པས། ཁ་བྲལ་ལ་ངོ་རྒོལ་གྱི་དམག་འཐབ་ནང་ནུས་པ་ཐོན་པ་བྱས་ཏེ་བརྟན་ལྷིང་གི་ནུས་པ་ཚད་མཐོར་གཏོང་དགོས་ལུགས་སོགས་བརྗོད་འདུག
གཞིས་ཀ་རྩེར་ཟླ་༣ཚེས་༡༦དང་༡༧ཉིན་གཉིས་རིང་བསམ་བློའི་རིག་གནས་ལས་དོན་གྱི་དྲིལ་བསྒྲགས་ཚོགས་འདུ་དང་སྣང་ཆེན་བཞི་དང་དགའ་ཞེན་བཞི་ཟེར་བའི་མང་ཚོགས་ཀྱི་སློབ་གསོའི་ཚོགས་འདུ་ཞིག་ཚོགས་འདུག་ལ། ཡང་ནག་ཆུར་ཟླ་༣ཚེས་༡༧ཉིན་ནག་ཆུ་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས་གུང་ཁྲན་དམར་ཤོག་གི་ལོ་རྒྱུས་ལ་སློབ་སྦྱོང་བྱས་པ་སོགས་བརྒྱུད་བརྟན་ལྷིང་ལ་སྲུང་སྐྱོབ་དང་ནག་ཆུའི་སྤྱི་བདེ་ཉེན་རྟོག་གི་ལས་དོན་སྤུས་ཚད་མཐོ་རུ་གཏོང་དགོས་པ་བརྗོད་འདུག
དེ་བཞིན་དགུན་ཁའི་གུང་གསེང་རྫོགས་ནས་སློབ་དུས་གསར་པ་འགོ་བཙུགས་པའི་སྐབས། ལས་དོན་གྱི་གོམ་པ་དང་པོ་ནི་སྲིད་ཁྲིམས་ཟེར་བ་འཇིགས་སྐུལ་གྱི་རྣམ་པ་ལྡན་པའི་སློབ་གསོ་དང་དམར་ཤོག་གི་སློབ་གསོ་སྤྲད་ཡོད་འདུག དེ་བཞིན་ཡང་ལྷོ་ཁ་ཁུལ་དུ་མཚོན་ན། སློབ་གྲྭ་ཆུང་བའི་བྱིས་པ་ཚོར་ཡང་གུང་བྲན་དམར་ཤོག་གི་ལྟ་བ་དང་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་བྱ་རྒྱུར་སྐུལ་མ་གཏོང་གི་ཡོད་འདུག ཡང་རྒྱ་ནག་དམར་ཤོག་གི་ལོ་རྒྱུས་སློབ་གསོའི་ལས་འགུལ་འདི་མངའ་རིས་ཁུལ་ལ་ཡང་གཅིག་མཚུངས་ཀྱིས་སྤེལ་ཡོད་འདུག
གནད་དོན་དབྱེ་ཞིབ་པ་ཚོས། རྒྱ་ནག་གཞུང་གིས་བོད་ནང་རྒྱ་ནག་དམར་ཤོག་ཚོགས་པའི་ལོ་རྒྱུས་ལ་སློབ་སྦྱོང་བྱེད་པའི་ལས་གཞི་སྤེལ་བ་དང་། བོད་མི་དམར་ཤོག་ཚོགས་པའི་ནང་འཛུལ་ཞུགས་བྱ་རྒྱུར་སྐུལ་འདེད་གཏོང་བཞིན་པ་དེས་བོད་མིའི་མ་འོངས་པའི་མི་རབས་ཚོ་བོད་ཀྱི་ཆོས་དང་རིག་གཞུང་གི་འབྲེལ་བཅད་དེ། བོད་པའི་མི་རབས་གསར་པ་ཚོ་བོད་ཀྱི་ཆོས་དང་རིག་གཞུང་ལ་རྒྱུས་མངའ་གང་ཡང་མེད་པའི་མིང་ཙམ་གྱི་བོད་པ་ཞིག་བཟོ་ཐབས་ཀྱི་འཆར་གཞི་ཞིག་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་རེད།

ccp.jpg

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
བོད་ནང་ས་ཡོམ་རྐྱེན་པས་གློག་འདོན་ཆུ་མཛོད་ཆེན་པོ་ལྔ་ལ་གས་སྲུབས་ཤོར་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎