འདུལ་ཁྲིམས་སྲུང་མཁན་གྱི་དགེ་འདུན་པ་ཚོར་དམར་ཤོག་གི་ཁྲིམས་ལུགས་ཡིག་ཚད་བཏང་འདུག

རྒྱ་ནག་གཞུང་གིས་གདན་ས་གསུམ་གཙོས་བའི་བོད་ནང་གི་དགོན་སྡེ་ཁག་ཅིག་གི་འདུལ་ཁྲིམས་སྲུང་མཁན་གྱི་དགེ་འདུན་པ་ཚོར་དམར་ཤོག་གི་ཁྲིམས་ལུགས་ཡིག་ཚད་བཏང་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་སར་ཡོད་པའི་གདན་ས་སེ་འབྲས་དགའ་གསུམ་དང་། ལྷ་ལྡན་གཙུག་ལག་ཁང་། མཚུར་ཕུ་དགོན་པ་སོགས་ལ་ཟླ་༣ཚེས་༣༠ཉིན་འདུལ་ཁྲིམས་སྲུང་མཁན་གྱི་དགེ་འདུན་ཚོར་སྤྱི་ལོ་༢༠༢༡ལོའི་ལྗོངས་ཡོངས་ཀྱི་ཆོས་ལུགས་ལས་རིགས་མི་སྣའི་ཁྲིམས་ལུགས་ཤེས་བྱའི་ཡིག་རྒྱུགས་ཞེས་བརྗོད་པའི་དམར་ཤོག་གི་ཁྲིམས་དང་འབྲེལ་བའི་ཡིག་ཚད་ཅིག་བཏང་ཡོད་པ་མ་ཟད། ད་དུང་ཆོས་ལུགས་ཁྱབ་ཁོངས་ཀྱི་ཚད་འཛིན་བཞི་ལ་བརྩི་སྲུང་གིས་སྔོན་ཐོན་གྲྭ་བཙུན་ལ་བརྩོན་ལེན་བྱེད་ཟེར་བའི་སློབ་གསོ་འདི་མུ་མཐུད་དུ་དགོན་སྡེ་ཁག་གི་གྲྭ་བཙུན་ཚོར་སྤེལ་རྒྱུ་ཡིན་པ་བརྗོད་འདུག
རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་གི་ནང་ལས་དོན་རུ་ཁག་གི་ལས་བྱེད་པ་ཆེད་བཙུགས་ཀྱིས་དགེ་འདུན་པའི་ཐོག་དམ་དྲག་སྣ་ཚོགས་པ་ཞིག་བྱེད་བཞིན་ཡོད་པ་བོད་གནས་ཉམས་ཞིབ་པ་ཚོས་ཡོངས་གྲགས་ངོས་འཛིན་བྱེད་བཞིན་ཡོད་ལ། དེ་སྔོན་མདོ་དབུས་ཁམས་གསུམ་གྱི་བོད་ཀྱི་དགོན་སྡེ་ཁག་གི་ནང་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚན་སྨོས་ཞུ་རྒྱུ་མཚོན་པའི་ལས་འགུལ་མང་དག་ཞིག་སྤེལ་ཡོད་ལ། ཡང་ཕྱི་ལོ་༢༠༡༧ལོ་ཙམ་ནས་བོད་རང་སྐྱོང་ལྗོངས་ནང་ཡོད་པའི་དགོན་པ་ཁག་གི་ནང་ཚད་འཛིན་བཞི་ཟེར་བའི་སློབ་གསོའི་ལས་འགུལ་ཤུགས་ཆེ་སྤེལ་འགོ་བཙུགས་ནས་མུ་མཐུད་སློབ་གསོའི་ལས་འགུལ་དེར་ཁ་སྣོན་བྱེད་བཞིན་ཡོད་པ་རེད།
བོད་ནང་གི་དགེ་འདུན་པ་ཚོ་ནི་ད་བར་རྒྱ་ནག་གཞུང་ལ་བོད་མིས་ངོ་རྒོལ་སྒེར་ལངས་ལས་འགུལ་སྤེལ་བ་ཁག་གི་སྣེ་ཁྲིད་པ་ཆགས་ཡོད་སྟབས། རྒྱ་ནག་གཞུང་གིས་དགོན་པ་གྲྭ་ཚང་ཐོག་དྲག་གནོན་བྱ་རྒྱུ་གལ་ཆེར་ངོས་འཛིན་བྱེད་བཞིན་ཡོད་པ་རེད། གནས་སྟངས་དེའི་འོག་ནས་དགེ་འདུན་པ་ཚོར་རྒྱ་ནག་རྒྱལ་ཁབ་དང་དམར་ཤོག་ཚོགས་པའི་ཁྲིམས་ལ་སློབ་སྦྱོང་བྱེད་པའི་སྐུལ་དེད་ཤུགས་ཆེ་བྱེད་བཞིན་ཡོད་པ་རྒྱ་ནག་གཞུང་འབྲེལ་གྱི་བརྒྱུད་ལམ་ཁག་ནང་གནས་ཚུལ་བཀོད་སྤེལ་བྱས་འདུག་ཅིང་། རྒྱ་ནག་དམར་ཤོག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་རྣོ་ངར་གྱི་ཟླ་བ་གསུམ་པར་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་གཙོ་བོར་གྱུར་པའི་དགོན་སྡེ་ཁག་ནང་ཁྲིམས་ལུགས་དྲིལ་བསྒྲགས་སློབ་གསོའི་ཟླ་བ་ཟེར་བ་གཉེར་ནས་སེ་འབྲས་དགའ་གསུམ་དང་ལྷ་ལྡན་གཙུག་ལག་ཁང་། མཚུར་ཕུ་དགོན་པ་བཅས་ལ་གཅིག་གྱུར་གྱིས་རྒྱ་ནག་དམར་ཤོག་གཞུང་གི་ཁྲིམས་ལུགས་ཤེས་བྱའི་ཡིག་ཚད་བཏང་འདུག་ལ། སེ་ར་དགོན་པའི་ཡིག་རྒྱུགས་གཏོང་ཡུལ་དུ་མཚོན་ན། དགེ་འདུན་པ་ཚོའི་མདུན་ནང་པའི་སྐུ་ཐང་དང་སྐུ་བརྙན་མ་ཡིན་པར་རྒྱ་ནག་དམར་ཤོག་གཞུང་གི་ཆེས་མཐོའི་དཔོན་རིགས་ཀྱི་འདྲ་པར་དང་། དམར་ཤོག་གཞུང་གི་དཔོན་རིགས་ཀྱིས་ལྟ་སྲུང་ནན་པོའི་འོག་ནང་པའི་གཞུང་ཆེན་ཁག་གི་ཡིག་རྒྱུགས་མ་ཡིན་པར་དམར་ཤོག་གཞུང་གི་ཁྲིམས་ལུགས་ཡིག་རྒྱུགས་གཏོང་བཞིན་པའི་འདྲ་པར་ཡང་དངོས་སུ་མཐོང་རྒྱུ་ཡོད་པ་རེད།
བོད་ནས་མིང་བཏོན་གནང་འདོད་མེད་པའི་མི་སྣ་ཞིག་གིས། རྒྱ་ནག་དམར་ཤོག་གཞུང་ལ་བཀའ་གསུང་ཅི་སྒྲུབ་ཞུ་རྒྱུའི་ཁྲིམས་ལུགས་ཡིག་རྒྱུགས་འདི་གཞུང་ཕྱོགས་ཀྱི་ཚད་བཀག་བཟོས་པའི་དགོན་པའི་དགེ་འདུན་པའི་གྲངས་ཐོའི་ནང་ཚུད་པ་ཚང་མས་དང་ལེན་ངེས་པར་དུ་བྱ་དགོས་པ་ཞིག་རེད་ཅེས་དང་། དེས་མ་ཚད་རྒྱལ་གཅེས་ཆོས་གཅེས་ཟེར་བའི་ཐོག་ནས་ད་ལྟ་དགོན་པའི་ནང་སྤེལ་བཞིན་པའི་ཚད་འཛིན་བཞི་ལ་བརྩི་སྲུང་ལག་བསྟར་བྱས་ནས་སྔོན་ཐོན་གྲྭ་བཙུན་བྱེད་པའི་སློབ་གསོ་ཟེར་བ་དེའི་ནང་ལ་ཡང་ངེས་པར་དུ་མཉམ་ཞུགས་དགོས་པ་འདི་དག་ནི། དགེ་འདུན་པ་ཚོས་ནང་པའི་གཞུང་ལུགས་ལ་ཉིན་རེའི་ཐོས་བསམ་སྒོམ་གསུམ་བྱ་བ་ལས་གལ་ཆེ་བ་རྩིས་ཀྱི་ཡོད་པ་བརྗོད་ཀྱི་འདུག
རྒྱ་ནག་གཞུང་གིས་དགོན་པའི་ནང་ཁྲིམས་ལུགས་དྲིལ་བསྒྲགས་ཀྱི་སློབ་གསོ་ཟེར་བ་བྱེད་བཞིན་པའི་བརྗོད་དོན་ནང་། དྲ་ལམ་ཐོག་བྱེད་མི་ཆོག་པ་ཉི་ཤུ་དང་ཆོས་ལུགས་ཀྱི་ལས་དོན་བྱེད་ཕྱོགས། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་དོ་དམ་གྱི་བྱ་ཐབས་ཟེར་བ་སོགས་ཚུད་ཡོད་པ་རེད།
བོད་རང་སྐྱོང་ལྗོངས་ཟེར་བའི་གཞུང་འབྲེལ་གྱི་འབྲེལ་ཡོད་ཚན་པས་གྲྭ་བཙུན་ཁྲོད་ཚད་འཛིན་བཞི་ཟེར་བའི་སློབ་གསོ་སྤེལ་པ་འདི་ནི་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་དང་། ཏཱ་ལའི་རུ་ཚོགས་ལ་མཐའ་གཅིག་ཏུ་འཐབ་རྩོད་བྱེད་རྒྱུ་དང་། དོགས་ཟོན་དང་ཉེན་ཁ་མེད་པ་བཟོ་རྒྱུའི་གལ་ཆེའི་བྱ་ཐབས་ཤིག་ཡིན་པ་རྒྱ་ནག་གཞུང་འབྲེལ་གྱིས་བརྗོད་བཞིན་ཡོད་པ་རེད།