རྒྱ་ནག་གཞུང་གིས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རྫུན་བཟོ་དང་རིག་གནས་རྩ་མེད་བཟོ་བའི་བྱ་སྤྱོད་ཐད་ཨ་རིའི་གྲོས་ཚོགས་ནང་ཉན་ཞིབ་གནང་འདུག
ཕྱི་ཟླ་བཅུ་གཉིས་པའི་ཚེས་༥རེས་གཟའ་ཕུར་བའི་ཉིན། ཨ་མི་རི་ཀའི་གྲོས་ཚོགས་དང་འཛིན་སྐྱོང་གི་རྒྱ་ནག་ལས་དོན་ཐད་ཀྱི་ཆེས་མཐོའི་ལྷན་ཚོགས་(CECC)་ཀྱིས། རྒྱ་ནག་གཞུང་གིས་ཁོང་ཚོའི་དབང་བསྒྱུར་འོག་ཡོད་པའི་བོད་དང་ཡུ་གུར་གཙོས་གྲངས་ཉུང་མི་རིགས་ཀྱི་ལོ་རྒྱུས་རྫུན་བཟོ་དང་། སྐད་ཡིག་དང་རིག་གཞུང་རྩ་མེད་བཟོ་བཞིན་པ་མ་ཟད། རྒྱལ་མཚམས་ལས་བརྒལ་ནས་ མི་རིགས་དེ་དག་ལ་དྲག་གནོན་བྱེད་བཞིན་པ་སོགས་ཀྱི་གནས་སྟངས་ཐད་ལྷན་ཚོགས་ཉན་ཞིབ་གནང་ཡོད་པ་དང་། ཉན་ཞིབ་ལྷན་ཚོགས་ཐོག་འབུམ་རམས་པ་དགེ་བཤེས་བློ་བཟང་སྨོན་ལམ་ལགས་གཙོས་ཡུ་གུར་དང་། ནང་སོག་བཅས་ཀྱི་ཞུ་སྦྱོར་དཔང་པོ་ཁག་ཅིག་གིས་རྒྱ་ནག་དམར་ཤོག་གཞུང་གིས་བོད་དང་ཡུ་གུར། སོག་པོ་སོགས་རྒྱ་ནག་གི་བཙན་གནོན་འོག་ཡོད་བཞིན་པའི་མི་རིགས་ཁག་གི་ལོ་རྒྱུས་རྫུན་བཟོ་བསྐྱར་བཅོས་དང་མི་རིགས་དེ་དག་གི་སྐད་ཡིག་དང་། རིག་གཞུང་རྩ་མེད་བཟོ་ཐབས་བྱེད་བཞིན་པ་བཅས་རྒྱ་ནག་གི་བྱ་སྤྱོད་དེའི་ཐད་གདོང་ལེན་ཇི་ལྟར་གནང་གི་ཡོད་མེད་སོགས་ཞུ་སྦྱོར་དཔང་པོ་གནང་ཡོད་པ་རེད།
དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་ཉན་ཞིབ་སྐབས། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་འཁྱོག་བརྗོད་རྫུན་བཟོ་དང་བོད་མི་རིགས་ཀྱི་སྐད་ཡིག་དང་། རིག་གཞུང་རྩ་མེད་གཏོང་ཐབས་བྱེད་བཞིན་པ་བཅས་ཀྱི་གནས་སྟངས་ཞུ་སྦྱོར་གནང་བ་དང་མཉམ། རྒྱ་ནག་གི་བྱ་སྤྱོད་དེ་དག་ཐད་གདོང་ལེན་བྱེད་པར་ཨ་རིའི་གཞུང་ཕྱོགས་ནས་བོད་ནང་སྨོས་ཅི་དགོས། ནུབ་ཕྱོགས་ཡུལ་ལུང་གཙོས་བོད་ཕྱི་ཕྱོགས་སུ་བོད་མི་ཚོར་བོད་ཀྱི་སྐད་ཡིག་སྦྱང་བའི་མཐུན་རྐྱེན་སྒྲུབ་ཐབས་དང་། མི་སེར་གྱི་ཐོབ་ཐང་སྤྲོད་རྒྱུ། གཞན་བོད་མི་ཚོར་འཕྲུལ་ལས་ལག་རྩལ་ཐད་རོགས་རམ་བྱེད་དགོས་པའི་རེ་འདུན་བཏོན་ཡོད་པ་རེད།
གསར་འགོད་པ། རིག་ལྡན་སྒྲོལ་མ། ཡེ་ཤེས་བཀྲིས། ཀླུ་འབུམ།
རྩོམ་སྒྲིག་པ། བསྟན་འཛིན་བདེ་སྐྱིད།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།