རྒྱ་ནག་གིས་ནང་བསྟན་རྒྱ་སྒྱུར་གཞི་རྩར་བཟུང་ནས་རྒྱ་ནག་གི་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་འདུ་ཟེར་བ་ཞིག་འཚོག་འཆར་ཡོད་འདུག

2024.09.03
རྒྱ་ནག་གིས་ནང་བསྟན་རྒྱ་སྒྱུར་གཞི་རྩར་བཟུང་ནས་རྒྱ་ནག་གི་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་འདུ་ཟེར་བ་ཞིག་འཚོག་འཆར་ཡོད་འདུག ཕྱི་ལོ་ ༢༠༠༦ ལོའི་རྒྱ་ནག་གི་རྒྱལ་སྤྱིའི་ནང་བསྟན་བགྲོ་གླེང་ཚོགས་འདུ་ཐེངས་དང་པོ་ཚོགས་པའི་སྐབས།
རྒྱ་ནག་ནང་བསྟན་ཐུན་ཚོགས།

ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཟླ་མཇུག་ཏུ་རྒྱ་ནག་ནང་བསྟན་ལྷན་ཚོགས་ཟེར་བས། འདི་ལོའི་ཕྱི་ཟླ་ ༡༠ པའི་ནང་རྒྱ་ནག་ཀྲེ་ཅང་ཞིང་ཆེན་གྱི་ (宁波市) ནེན་པོ་གྲོང་ཁྱེར་དུ། རྒྱ་ནག་གི་ནང་བསྟན་མཐུན་ཚོགས་དང་ཀྲུང་ཧྭ་ཆོས་ལུགས་རིག་གནས་བགྲོ་གླེང་མཐུན་ཚོགས་གཉིས་ཀྱིས་གོ་སྒྲིག་འོག ནང་བསྟན་རྒྱ་སྒྱུར་གྱི་སྲིས་བྱུས་དང་རྒྱ་ནག་ནང་གི་ཆོས་དད་རང་དབང་ཟེར་བའི་གནད་དོན་གཞི་རྩར་བཟུང་ནས། རྒྱལ་སྤྱིའི་ནང་གི་རྒྱལ་ཁབ་ ༧༠ ལྷག་གི་སྐུ་ཚབ་གདན་ཞུས་ཀྱིས་རྒྱ་ནག་གི་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་འདུ་ཐེངས་ ༦ པ་འཚོག་འཆར་ཡོད་སྐོར་བསྒྲགས་ཡོད་པ་རེད། 

རྒྱ་གར་རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཤར་རྩེ་མཁན་ཟུར་རིན་པོ་ཆེ་བྱང་ཆུབ་ཆོས་ལྡན་མཆོག་གིས། རྒྱ་ནག་ལ་མཚོན་ན་རྒྱ་ནག་ནང་ཁུལ་ནས་ཆོས་ལུགས་འཛིན་སྐྱོང་དར་སྤེལ་དང་། དེའི་ཆེད་མཐུན་སྦྱོར་རིགས་མི་བྱེད་པར་དམ་དྲག་ཤུགས་ཆེར་བྱས་ཏེ། ཕྱི་ཚུལ་ནས་ཚོགས་འདུ་རྒྱ་ཆེན་པོ་དེ་རིགས་ཚོགས་འཆར་བྱེད་བཞིན་པ་དེ་ནི་ངོ་ལྐོག་མི་མཚུངས་པའི་ལས་དོན་བྱེད་བཞིན་པ་ཞིག་ཡིན་སྐོར་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།

གནད་དོན་དེའི་སྐོར་རྒྱ་ནག་ནང་བསྟན་ལྷན་ཚོགས་ཀྱི་ཚོགས་གཙོ་ཡན་ཇུས་ཟེར་བས། ཐེངས་འདིའི་བགྲོ་གླེང་ཚོགས་འདུའི་བརྗོད་གཞི་གཙོ་བོ་ཐུན་མོང་གི་མངོན་འདོད་དང་། མཉམ་གནས། མཐུན་སྒྲིལ་སོགས་ཡིན་སྐོར་བརྗོད་ཡོད་པ་མ་ཟད། ཚོགས་འདུ་དང་འབྲེལ་རྒྱ་ནག་གིས་ནང་བསྟན་རྒྱ་སྒྱུར་གྱི་གྲུབ་འབྲས་དང་ཁ་ཕྱོགས་བརྟན་པོར་བཟུང་ནས། རྒྱ་ནག་ནང་ཆོས་དད་རང་དབང་གི་གནས་བབ་དང་རྒྱ་ནག་གི་ནང་བསྟན་འཕེལ་རྒྱས་ཀྱི་གྲུབ་འབྲས་རྣམས་ཡོངས་སུ་དྲིལ་བསྒྲགས་དང་འགྲེམས་སྟོན་བྱ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད། 

བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། ཐེངས་འདིར་རྒྱ་ནག་ཏུ་ཚོགས་འཆར་ཡོད་པའི་ནང་པའི་བགྲོ་གླེང་ཚོགས་འདུ་ཟེར་བ་དང་འབྲེལ། ཚོགས་བཅར་བ་ཚོས་བོད་དང་རྒྱ་ནག་ནང་ཆོས་ལུགས་དད་མོས་རྐྱེན་གྱིས་ཚེ་སྲོག་ལ་ཉེན་ཁ་འཕྲད་པའི་མི་སྣ་དང་། རྒྱ་ནག་གིས་བོད་གཙོས་སོག་པོ་དང་རྒྱ་ནག་རང་གི་ནང་བསྟན་ཆོས་ལུགས་དད་མོས་ཐད་དམ་དྲག་དང་། ནང་བསྟན་ཆོས་ལུགས་རྒྱ་ནག་དམར་ཤོག་ཚོགས་པའི་ཆབ་སྲིད་ཀྱི་དགོས་མཁོའི་ཆེད་བེད་སྤྱོད་དང་བཙན་སྒྱུར་བྱེད་བཞིན་པའི་སྐོར་ལ་ཡོངས་ཁྱབ་ངང་སྐད་ཆ་བཤད་དགོས་སྐོར་འགྲེལ་བརྗོད་གནང་བྱུང་།


ཐེངས་འདིའི་ནང་པའི་ཚོགས་འདུའི་སྟེང་གཙོ་བོ་ཆོས་ལུགས་དང་རྒྱལ་ཁབ་མི་འདྲ་བ་རྣམས་ཞི་མཐུན་མཉམ་གནས་དང་། མཉམ་ལས། འཛམ་གླིང་གི་དཀའ་ངལ་ལ་ཇི་ལྟར་གདོང་ལེན་བྱ་དགོས་མིན་གྱི་ཐད་ནང་པའི་སྤྱི་ཚོགས་ཀྱིས་བསམ་བློ་དང་རྒྱབ་སྐྱོར་གསལ་སྟོན་བྱ་རྒྱུ་སོགས་བཀོད་འདུག་ཀྱང་།  ཐེ་ཝན་དུ་གནས་སྡོད་ཨེ་ཤེ་ཡ་བརྗེ་ལེན་ཐེབས་རྩ་ཁང་གི་རྒྱ་དཀར་ནག་གི་གནད་དོན་ཉམས་ཞིབ་པ་ (Sana Hashmi) ལགས་ཀྱིས། རྒྱ་ནག་གཞུང་གིས་ནང་པའི་ཚོགས་ཆེན་གོ་སྒྲིག་བྱེད་བཞིན་པའི་དམིགས་ཡུལ་གཙོ་བོ་ནི། རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་ཆོས་དད་རང་དབང་ལ་གུས་བརྩི་བྱེད་ཀྱི་ཡོད་པའི་རྣམ་པ་རྫུན་མ་ཞིག་གསལ་སྟོན་བྱེད་ཆེད་དང་། ནང་ཆོས་དར་ཁྱབ་ཆེ་བའི་ས་ཁུལ་དཔེ་ན་རྒྱ་གར་ལས་རྒྱ་ནག་ནང་ཤུགས་རྐྱེན་དང་དར་ཁྱབ་ཆེ་བ། རྒྱ་ནག་ལ་ནང་ཆོས་ཀྱི་བདག་དབང་ཡོད་པ་སོགས་གསལ་སྟོན་བྱེད་རྒྱུའི་ཆེད་དུ་དམིགས་ཡུལ་འཛིན་གྱི་ཡོད་པའི་སྐོར་བརྗོད་བྱུང་། 

རྒྱ་ནག་གིས་གོ་སྒྲིག་བྱེད་བཞིན་པའི་རྒྱལ་སྤྱིའི་ནང་པའི་བགྲོ་གླེང་ཚོགས་འདུ་ཟེར་བ་དེ་ལོ་ངོ་གསུམ་རེའི་རྗེས་སུ་ཐེངས་གཅིག་འཚོགས་ཀྱི་ཡོད་པ་དང་། རྒྱ་ནག་གི་དཔལ་འབྱོར་ལ་བརྟེན་པའི་རྒྱལ་ཁབ་ཁག་ནས་ཚོགས་མི་བསྡུ་བསྐོངས་བྱས་ཡོད་ན་ཡང་། རྒྱལ་སྤྱིའི་ཁྲོད་ཚོགས་འདུ་དེ་རིགས་ནི་རྒྱ་ནག་གིས་ཆོས་ལུགས་དད་མོས་ཡོད་པའི་རྣམ་པ་སྟོན་ཐབས་ཙམ་ཡིན་པར་ངོས་འཛིན་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད་ལ། སྤྱིར་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་ནས་བཟུང་ཆོས་ལུགས་ཀྱིས་ཆབ་སྲིད་དང་སྤྱི་ཚོགས་རིང་ལུགས་ལ་ཞབས་འདེགས་ཞུ་དགོས་སྐོར་བརྗོད་དེ། བོད་ནང་གི་དགོན་སྡེ་ཁག་ལ་དམ་དྲག་དང་ནང་བསྟན་རྒྱ་སྒྱུར་གྱི་ལས་འགུལ་སྤེལ་བ། ཆོས་ལུགས་ཀྱི་སྒྲིག་ཁྲིམས་སྣ་ཚོགས་བཟོས་ཏེ་ཆོས་ལུགས་ཀྱི་བྱེད་སྒོ་བཀག་བསྡོམས་དང་། ཆོས་བྱེད་མི་སྣ་གང་བྱུང་འཛིན་བཟུང་སོགས་བྱེད་བཞིན་ཡོད་པ་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་ལ་ལྟ་ཞིབ་བྱེད་མཁན་གྱི་ཉམས་ཞིབ་པ་དང་ཁྱད་ལས་རྟོག་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་ཡོད་པ་རེད།།

གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།

རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།

དྲྭ་ཐོག་རྩོམ་སྒྲིག་པ།  བཀྲིས་དབང་ཕྱུག

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།

 

 

 

 

 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
འཇར་མན་གྱི་མི་སེར་བོད་དོན་ལས་འགུལ་བ་ཞིག་ཧོང་ཀོང་གནམ་ཐང་ནས་ཆུ་ཚོད་བཅུ་གསུམ་རིང་འདྲི་རྩད་བྱས་རྗེས་ཕྱིར་སློག་བཏང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
གཞི་རིམ་མི་མང་རེ་འབོད་ཚོགས་པས་ད་རེས་གྲོས་ཚོགས་སྐབས་བཅའ་ཁྲིམས་བསྐྱར་བཅོས་གནང་དགོས་པའི་རེ་སྐུལ་ཞུས་སོང་།
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎