བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག

2024.04.09
བྷེལ་ཇམ་གྱི་མི་སེར་ཡིན་པ་བོད་མི་ཞིག་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཧྲང་ཧེ་གནམ་ཐང་ནས་ཕྱིར་སློག་བྱས་འདུག རྒྱ་ནག་གི་ཧྲང་ཧེ་(Pudong)་རྒྱལ་སྤྱིའི་གནམ་ཐང་། ༡༢།༢༢།༢༠༢༣
AFP

ཉེ་ལམ་རྒྱ་ནག་གཞུང་གིས་ཡོ་རོབ་ཀྱི་རྒྱལ་ཁབ་དྲུག་གི་མི་སེར་ཚོ་རྒྱ་ནག་ལ་འཕྲལ་སེལ་རིང་གཉེན་འཕྲད་དང་ལྟ་སྐོར་སོགས་ཀྱི་ཆེད་དུ་ཡོང་ན་མཐོང་མཆན་(Visa)་ཞུ་མི་དགོས་ལུགས་གསལ་བསྒྲགས་བྱས་ཡོད་ནའང་། རྒྱལ་ཁབ་དེ་དག་གི་མི་སེར་ཡིན་པའི་བོད་མི་ཚོར་བོད་ལ་གཉེན་འཕྲད་དུ་བསྐྱོད་སྐབས་ཡུན་རིང་པོར་འདྲི་རྩད་དང་སྔོག་བཤེར་བྱས་རྗེས། ཁ་ཤས་ཕྱིར་སློག་བྱས་བའི་གནས་ཚུལ་ཡང་བྱུང་འདུག
སྐུ་ཞབས་ཐུབ་བསྟན་རྒྱ་མཚོ་ལགས་ནི་ཡོ་རོབ་བྷེལ་ཇམ་གྱི་མི་སེར་ཡིན་ཞིང་། ཁོང་གིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། གོང་ཞུས་རྒྱ་ནག་གི་ཐག་གཅོད་གསལ་བསྒྲགས་དེར་ཡིད་ཆེས་ཀྱིས་ཉེ་ལམ་རྒྱ་ནག་ཧྲང་ཧེ་ལ་འཕུར་བའི་རྒྱ་ནག་གི་གནམ་གྲུའི་འཛིན་བྱང་ཉོས་ནས་ཟླ་༤པའི་ཚེས་༢ཉིན་དབྱིན་ཇིའི་རྒྱལ་སྤྱིའི་གནམ་ཐང་ནས་ལམ་ལ་ཆས། ཚེས་གསུམ་གྱི་ཞོགས་པ་ཆུ་ཚོད་ལྔ་དང་ཕྱེད་ཀ་ཙམ་དུ་རྒྱ་ནག་ཧྲང་ཧེའི་རྒྱལ་སྤྱིའི་གནམ་ཐང་ལ་འབྱོར་རྗེས། འགྲོ་ལུགས་ལྟར་འགག་སྒོ་འགྲིམ་དུས། འགག་སྒོའི་ལྟ་བཤེར་མི་སྣས་མཐོང་མཆན་(Visa)་དགོས་སྐོར་སྐད་ཆ་དྲིས་དུས། ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་གང་ཉིད་བྷེལ་ཇམ་རྒྱལ་ཁབ་ཀྱི་མི་སེར་ཡིན་པས། ཉེ་ལམ་བྷེལ་ཇམ་གྱི་མི་སེར་ཡིན་ན་ཉིན་༡༥འི་རིང་མཐོང་མཆན་ཞུ་མི་དགོས་པར་རྒྱ་ནག་ནང་གཉེན་འཕྲད་སོགས་ལ་ཡོང་ཆོག་པ་མ་ཡིན་ནམ་ཞེས་ཕར་ལྡོག་འདྲི་བྱས། དེ་ནས་ལམ་སང་ཐུབ་བསྟན་རྒྱ་མཚོ་གཅིག་པུ་ཟུར་དུ་བཀར་ནས་བོད་པ་ཡིན་མིན་སོགས་ཀྱི་སྐད་ཆ་དྲིས་བ་དང་། བོད་མི་ཡིན་པ་ཤེས་རྗེས་ཆུ་ཚོད་བཅུ་གཉིས་ཀྱི་རིང་ལ་བཀག་ཉར་དང་འདྲི་རྩད་སྣ་ཚོགས་ཤིག་བྱས་རྗེས། མཐར་ཐུབ་བསྟན་རྒྱ་མཚོ་ལགས་ཕ་ཡུལ་མཚོ་སྔོན་ལ་གཏོང་རྒྱུ་མིན་པ་དང་། ཕྱིར་སློག་རྒྱུ་ཡིན་ཚུལ་ཁོང་ལ་བཤད་འདུག་ལ། ཐུབ་བསྟན་རྒྱ་མཚོ་ལགས་ཀྱིས་རང་ཉིད་ཀྱིས་རྒྱ་ནག་གཞུང་གིས་གང་ཉིད་ཕ་ཡུལ་ལ་གཉེན་འཕྲད་དུ་མ་བཏང་བའི་རྒྱུ་མཚན་གཙོ་བོ་དེ་སྔོག་བཤེར་སྐབས་ཁོང་གི་ཁ་པར་ནང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་ཐོན་ཡོད་པས་ཡིན་པ་ངོས་འཛིན་གནང་གི་འདུག

air china ticket.JPG
ཐུབ་བསྟན་རྒྱ་མཚོ་ལགས་ཀྱི་གནམ་གྲུའི་འཛིན་བྱང་། པར་། མཐུན་འགྱུར་གནང་པ།
རྒྱ་ནག་གི་འབྲེལ་ཡོད་སྡེ་ཁག་གིས་ཟླ་༤པའི་ཚེས་༤འི་ཞོགས་པའི་སྔ་མོ་ཆུ་ཚོད་དང་པོ་ཐོག་རྒྱ་ནག་ཧྲང་ཧེ་གནམ་ཐང་ནས་ཐུབ་བསྟན་རྒྱ་མཚོ་ལགས་དབྱིན་ཇིའི་རྒྱལ་ས་ལོན་ཏོན་ལ་འཕུར་བའི་གནམ་གྲུ་ཞིག་གི་ནང་བཞག་ནས་སློག་ཡོད་པ་དང་། ཕྱིར་སློག་པའི་གནམ་གྲུའི་འཛིན་བྱང་ཐུབ་བསྟན་རྒྱ་མཚོས་ཉོ་དགོས་བྱུང་མི་འདུག ཕྱིར་དབྱིན་ཡུལ་ལ་ལོག་རྗེས་འགག་སྒོ་ནས་ཁྱེད་རང་དུས་ཡུན་ཧ་ཅང་གི་ཐུང་ཐུང་ཞིག་ལ་མ་གཏོགས་བསྡད་མི་འདུག་ཅེས་དྲིས་དུས། རྒྱ་ནག་གཞུང་གིས་འགྲོ་མ་བཅུག་པར་ཕྱིར་སློག་པའི་གནས་ཚུལ་གསལ་བཤད་བྱས་འདུག དེ་མ་གཏོགས་དམིགས་བསལ་བྷེལ་ཇམ་གཞུང་ལ་དེའི་སྐོར་སྙན་སེང་ཞུས་མི་འདུག
རྒྱ་ནག་གཞུང་གིས་ད་ལོའི་ཟླ་༣པའི་ཚེས་༧ཉིན་ཡོ་རོབ་ཀྱི་རྒྱལ་ཁབ་དྲུག་སྟེ་སུད་སི་(Switzerland)་དང་། ཨ་རི་ལན་ཌི་(Ireland) ཧན་གྷི་རི་(Hungary) ཨའོསི་ཊིརི་ཡ་(Austria) བྷེལ་ཇམ་(Belgium) (Luxembourg)་བཅས་རྒྱལ་ཁབ་དྲུག་གི་མི་སེར་ཕྱི་བསྐྱོད་ལམ་ཡིག་དཀྱུས་མ་ཡོད་མཁན་ཚོར་༢༠༢༤ལོའི་ཟླ་༣པའི་ཚེས་༡༤་ནས་ཟླ་༡༡་པའི་ཚེས་༣༠འི་བར་ཚོང་ལས་དང་ལྟ་སྐོར། གཉེན་འཕྲད་སོགས་ཀྱི་ཆེད་དུ་རྒྱ་ནག་ནང་ཡོང་ན་ཉིན་བཅོ་ལྔའི་རིང་མཐོང་མཆན་(Visa)་མི་དགོས་ཞེས་ཐག་གཅོད་བྱས་ཡོད་པ་རྒྱ་ནག་ཕྱི་འབྲེལ་བློན་ཆེན་ཝང་དབྱིས་ཀྱིས་གལ་ཆེན་དོན་ཆེན་ལ་བརྩིས་ནས་གསལ་བསྒྲགས་སྤེལ་ཡོད་པ་རེད།
གོང་ཞུས་རྒྱལ་ཁབ་དེ་དག་ན་འཚོ་སྡོད་བོད་མིའི་ཁྲོད་ཕྱིར་ཕ་ཡུལ་ལ་གཉེན་འཕྲད་ཆེད་ཕྱིན་བ་ཚང་མ་ཕྱིར་སློག་པ་མ་ཡིན་པར། མི་ཁག་ཅིག་ལ་རྒྱ་ནག་གི་གནམ་ཐང་དུ་འདྲི་རྩད་དུས་ཡུན་ཆུ་ཚོད་ལྔ་དྲུག་རིང་བྱས་ཀྱང་། མཐར་བོད་ལ་བཏང་འདུག ཡིན་ནའང་བོད་མི་བྱིངས་ལ་ཡོད་པའི་དཀའ་ངལ་ཞིག་ནི། འགྲོ་རུ་བཅུག་དང་མ་བཅུག་སུ་ཡིན་ཡང་བོད་ནང་གི་སོ་སོའི་ནང་མའི་བདེ་འཇགས་དང་རང་ཉིད་མ་འོངས་པར་ཕྱིར་ཕ་ཡུལ་ལ་བསྐྱར་དུ་གཉེན་འཕྲད་དུ་སྐྱོད་རྒྱུར་རེ་བ་བཅིངས་ཡོད་སྟབས། བཤད་འདོད་མེད་པ་དང་། ནང་སྒོས་སུ་གསར་འགྱུར་ལས་ཁང་ཁག་ལ་བཤད་མི་ཕོད་པའི་གནས་སྟངས་ཤིག་ཡོད་པ་རེད།
ཐུབ་བསྟན་རྒྱ་མཚོ་ལགས་༡༩༩༤་ལོར་རྒྱ་གར་ལ་བཙན་བྱོལ་དུ་ཡོང་བ་དང་། དེ་ནས་༢༠༡༧ ལོར་བོད་ལ་གཉེན་འཕྲད་ཆེད་ཐེངས་གཅིག་ལ་སོང་འདུག ད་ལོར་ཡང་བསྐྱར་སོང་ཡང་འགྲོ་རུ་བཅུག་མེད་པར་ཧྲང་ཧེ་གནམ་ཐང་ནས་ཐུབ་བསྟན་རྒྱ་མཚོ་ལགས་དབྱིན་ཇིའི་རྒྱལ་ས་ལོན་ཏོན་ལ་འཕུར་བའི་གནམ་གྲུ་ཞིག་གི་ནང་བཞག་ནས་ཕྱིར་སློག་བྱས་འདུག


གསར་འགོད་པ། སྟག་ལྷ་རྒྱལ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲྭ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིས་བོད་བརྒྱུད་ནང་བསྟན་གྱི་གནའ་བོའི་རིག་དངོས་ཁག་ཅིག་རྒྱ་ནག་ལ་ཕྱིར་སྤྲོད་བྱས་བར་བོད་མི་ཚོས་སེམས་ཚབས་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎