དམར་ཤོག་ཚོགས་པའི་རྒྱལ་སྟོན་དུས་ཆེན་དང་བསྟུན་བོད་ནང་གི་དགོན་སྡེ་སློབ་གྲྭ་ཁག་ཏུ་རྒྱལ་གཅེས་སློབ་གསོ་ཟེར་བ་ཤུགས་ཆེར་སྤེལ་བཞིན་ཡོད་འདུག
ལོ་ལྟར་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་ནི་རྒྱ་ནག་དམར་ཤོག་ཚོགས་པས་རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཞེས་པར་སྲུང་བརྩི་ཞུ་བཞིན་ཡོད་པ་ལྟར། ཕྱི་ཟླ་ ༩ ཚེས་ ༢༥ ནས་བཟུང་རྒྱ་ནག་གཞུང་གིས་ཆེད་གཉེར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ། དམར་ཤོག་ཚོགས་པའི་རྒྱལ་སྟོན་དུས་ཆེན་ཟེར་བར་སྐལ་བཟང་འཁྲུངས་སྐར་ལ་རྟེན་འབྲེལ་ཞུ་དང་། དེ་རིང་ནི་ཁྱེད་ཀྱི་འཁྲུངས་སྐར་རེད་ཟེར་བ་སོགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་བཅུག་བཞིན་ཡོད་འདུག་ལ། ལྷ་ས་ཁུལ་གྱི་དགོན་སྡེ་ཁག་དང་སློབ་གྲྭ་ཁག་གི་ནང་། རྒྱལ་སྟོན་དུས་ཆེན་དང་བསྟུན་རྒྱལ་གཅེས་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཞེས་པའི་ཆབ་སྲིད་སློབ་གསོ་ཤུགས་ཆེར་སྤེལ་བཞིན་ཡོད་པ། བོད་ནང་གི་འབྲེལ་ཡོད་བོད་མི་ཁག་ཅིག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་བོད་ནང་གི་འབྲེལ་ཡོད་ཅིག་ནས་མུ་མཐུད་བརྗོད་དོན་ལ། སྤྱིར་ཕྱི་ཟླ་ ༩ ནང་སློབ་འགོ་གསར་པ་ཚུགས་པ་དང་འབྲེལ། བོད་རང་སྐྱོང་ལྗོངས་གྱི་སློབ་གྲྭ་ཁག་ནང་སློབ་ཕྲུག་ཚོར་དམག་སྦྱོང་སྤྲོད་འགོ་ཚུགས་ཡོད་པ་རེད་ལ། དེ་དང་བསྟུན་དམག་ཆས་གྱོན་ནས་སློབ་ཕྲུག་ཚོར་མེས་རྒྱལ་གྱི་རྒྱལ་སྟོན་དུས་ཆེན་ཞེས་འབོད་ཚིག་འདྲ་མིན་འོག་ནས་བྱ་འགུལ་སྤེལ་བཅུག་པ་དང་། དགོན་སྡེ་ཁག་ཏུ་རྒྱལ་སྟོན་དུས་ཆེན་དང་མི་རིགས་མཐུན་སྒྲིལ་གྱི་རྒྱ་སྐད་གཏམ་བཤད་འགྲན་བསྡུར་བྱེད་བཅུག་པ། རྒྱ་ནག་གི་དར་དམར་སྒྲེང་འཛུགས་ཀྱིས་མི་རིགས་མཐུན་སྒྲིལ་དང་རྒྱལ་ཁབ་བརྟན་བརླིང་ལ་དམ་བཅའ་འབུལ་བཅུག་པ་སོགས་ཀྱི་ལས་འགུལ་སྤེལ་བཞིན་ཡོད་པ་མ་ཟད། རྔ་བ་དང་། ཆབ་མདོ། སྡེ་དགེ་སོགས་སུ་སློབ་གྲྭ་ཁག་ཏུ་རྒྱལ་སྟོན་དུས་ཆེན་རིང་འགོ་ཁྲིད་ཞི་ཅིན་ཕིན་གྱི་བསམ་བློའི་དགོངས་པ་ཞེས་པའི་ཆབ་སྲིད་སློབ་གསོ་སྤེལ་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
འདི་ལོ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་རྒྱལ་སྟོན་དུས་ཆེན་ཟེར་བ་ཐེངས་ ༧༥ དེ་ཆགས་ཡོད་པ་དང་། འདི་ལོའི་རྒྱལ་སྟོན་དུས་ཆེན་གྱི་བརྗོད་དོན་གཙོ་བོ་མི་རིགས་མཐུན་སྒྲིལ་ཞེས་པ་དེ་ཡིན་འདུག་ལ། ཕྱི་ཚེས་ ༢༩ ཉིན་རྒྱ་ནག་དམར་ཤོག་ཚོགས་པའི་འགོ་ཁྲིད་ཞི་ཅིན་ཕིན་ནས། རྒྱལ་ཡོངས་ཀྱི་གཟེངས་བསྟོད་ཅན་གྱི་བྱ་དགའ་སྤྲོད་པའི་མཛད་སྒོ་དང་བསྟུན། མི་རིགས་ཁག་གི་མང་ཚོགས་ཀྱིས་ཡང་དག་པའི་རྒྱལ་ཁབ་ཀྱི་ལྟ་བ་དང་ལོ་རྒྱུས་ཀྱི་ལྟ་བ། མི་རིགས་ཀྱི་ལྟ་བ། རིག་གནས་ཀྱི་ལྟ་བ། ཆོས་ལུགས་ཀྱི་ལྟ་བ་བཅས་བརྟན་པོར་འཛུགས་རྒྱུར་ཁྲིད་སྟོན་བྱེད་པ། ལོ་ཆུང་གཞོན་ནུར་ལོ་རྒྱུས་རིག་གནས་ཀྱི་སློབ་གསོ་གཏོང་རྒྱུར་ཤུགས་སྣོན་བྱེད་པ། རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ཁྱོན་ཡོངས་ནས་ཁྱབ་གདལ་དུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་རྒྱུར་སྐུལ་འདེད་གཏོང་ཆེད་བསམ་པའི་རིག་གནས་ཀྱི་འདེགས་སྐྱོར་ཆེན་པོ་མཁོ་འདོན་བྱེད་དགོས་ཞེས། རྒྱ་ནག་དམར་ཤོག་ཚོགས་པའི་སྣེ་ཁྲིད་རྒྱ་སྐད་རྒྱ་ཡིག་གཙོ་འདོན་དགོས་པ་སོགས་ནན་བཤད་བྱས་ཡོད་པ་རེད།
སྤྱིར་ལོ་ལྟར་རྒྱ་ནག་དམར་ཤོག་ཚོགས་པའི་དུས་ཆེན་ཁག་ལ་བོད་ནང་དམ་དྲག་དང་། ལྷག་པར་དུ་རྒྱ་གི་རྒྱལ་སྟོན་དུས་ཆེན་ཟེར་བར། བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ཐད་སོ་ལྟ་དང་ཞིབ་བཤེར་ཤུགས་ཆེར་བྱེད་སྲོལ་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༣ ལོའི་རྒྱལ་སྟོན་དུས་ཆེན་ཟེར་བ་དང་བསྟུན་རྒྱ་ནག་གཞུང་གིས། མི་མང་འདུས་སྡོད་ཁུལ་དུ་དྲག་ཆས་དམག་མི་དང་ཉེན་རྟོག་པ་འགྲེམས་འཇོག་གིས། མི་མང་གི་འགྲོ་འདུག་ལ་ཞིབ་བཤེར་དང་བོད་ཀྱི་མདོ་སྟོད་སྨད་ཀྱི་ས་ཁུལ་ནས་ལྷ་སར་ཡོང་མཁན་ཚོར། ཡིག་ཆ་དང་ལྷ་སར་ཡོང་བའི་ཆོག་མཆན་རིགས་ལ་ནོར་འཁྲུལ་ཅུང་ཙམ་ཡོད་ན་ལྷ་ས་ནས་ཕྱིར་ཕུད་གཏོང་བ་སོགས་ཀྱི་བྱེད་སྤྱོད་སྤེལ་ཡོད་པ་རེད།
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་པདྨ།