མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་བདེ་འཇགས་ལ་གནོད་པ་དང་ཁ་བྲལ་བར་ངན་འབྲེལ་གྱི་གནས་ཚུལ་ཐེར་འདོན་མཁན་ལ་བྱ་དགའ་སྤྲོད་རྒྱུ་ཡིན་པ་བསྒྲགས་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༢༦ ཉིན། རྒྱ་ནག་གཞུང་གིས་བཅད་བགོས་བྱས་པ་མཚོ་སྔོན་ཞིང་ཆེན་ཏང་གི་དྲ་འཕྲིན་གཞུང་ལས་ཁང་ཟེར་བས། མི་མང་གིས་སྤྱི་ཚོགས་དྲ་ལམ་དུ་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་ལ་གནོད་པ། ཁ་བྲལ་བར་ངན་འབྲེལ་དང་ཁ་བྲལ་གྱི་བྱ་སྤྱོད་སྤེལ་མཁན། ལོག་ཆོས་དང་བཀས་བཀོད་རྒྱུད་འཛིན་རྨོངས་དད་ཁྱབ་བསྒྲགས་བྱེད་མཁན་རིགས་གཙོས། དོན་ཚན་དྲུག་ཅན་གྱི་བརྡ་ཁྱབ་ཅིག་སྤེལ་སྟེ་ཐེར་འདོན་བྱེད་མཁན་ཚོར་རྒྱ་སྒོར་ ༥༠ ཁྲི་ ༡༠ བར་གྱི་བྱ་དགའ་སྤྲོད་རྒྱུ་ཡིན་སྐོར་བརྗོད་ཡོད་པ་དང་། དེང་སྐབས་བོད་མི་ཚོས་དྲ་ལམ་དུ་ག་རེ་སྤེལ་བ་དང་བཤད་པ་རིགས་ཁྲིམས་འགལ་ལྟ་བུ་ཆགས་བཞིན་ཡོད་པ་རེད་ལ། མཐའ་ན་སྐད་འཕྲིན་ཚོགས་པའི་ནང་གཞུང་གི་ཚོགས་འདུ་ལ་ཡོང་མི་ཐུབ་པའི་དགོངས་པ་ཞུས་ན། སྲིད་གཞུང་ལ་ངོ་རྒོལ་ཡིན་སྐོར་གྱི་ཉེས་འཛུགས་འོག་བཀག་ཉར་དང་དངུལ་ཆད་གཅོད་པ་སོགས་ཀྱི་གནས་སྟངས་བྱུང་གི་ཡོད་པ་དང་། སྤྱིར་རྒྱ་ནག་གཞུང་གིས་ད་ཐེངས་ཙམ་མ་ཡིན་པར་རྒྱུན་པར་སྤྱི་ཚོགས་ཁྲོད་སོ་ལྟ་བྱེད་མཁན་བཞག་ཡོད་པས། དེང་སྐབས་རུ་སྡེ་བ་ཕན་ཚུན་ཡིད་མི་ཆེས་པའི་གནས་སུ་ཡོད་པ་སོགས། བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་ནས་འགྲེལ་བརྗོད་གནང་བྱུང་།
གོང་ཞུས་རྒྱ་ནག་གཞུང་འབྲེལ་མཚོ་སྔོན་ཞིང་ཆེན་གྱི་བརྡ་ཁྱབ་ཟེར་བའི་ནང་མི་མང་གིས་ཐེར་འདོན་དགོས་རིགས་ནི། ཏང་གི་འགོ་ཁྲིད་ལ་ངོ་རྒོལ་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་ངན་སྐུལ་གྱིས་མགོ་རྟིང་སློག་པ། དམར་ཤོག་ཚོགས་པའི་ཆབ་སྲིད་ལམ་ལུགས་ལ་མངོན་སུམ་འཛེམ་མེད་ཀྱིས་ངོ་རྒོལ་བྱེད་པ། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྒྱུར་ངན་སྐུལ་བྱས་རིགས། རྒྱལ་ཁབ་ཀྱི་གསང་བ་དང་གསང་བའི་གནས་ཚུལ་ལམ་དམག་དོན་གྱི་གསང་བ་ཕྱིར་གྱར་བ། ཁ་བྲལ་རིང་ལུགས་ལག་བསྟར་བྱེད་པ་འུད་སྒྲོག་བྱེད་མཁན། རྒྱལ་ཁབ་ཀྱི་ཆོས་ལུགས་སྲིད་ཇུས་ལ་གཏོར་བརླག་གཏོང་བ་དང་། ལོག་ཆོས་དང་བཀས་བཀོད་རྒྱུད་འཛིན་རྨོངས་དད་ཁྱབ་བསྒྲགས་བྱེད་པའི་བྱ་འགུལ་རང་བཞིན་གྱི་ཆ་འཕྲིན་ཐེར་འདོན་བྱ་དགོས་སྐོར་བཀོད་འདུག་ལ། དབྱིན་ཡུལ་དུ་རྟེན་གཞི་བྱས་པའི་བོད་གནས་ལྟ་ཞིབ་ཁང་གི་ཉམས་ཞིབ་པ་པདྨ་རྒྱལ་ལགས་ནས། རྒྱ་ནག་གཞུང་གིས་ད་བར་བོད་ནང་དུ་འཛིན་བཟུང་དང་ཁྲིམས་ཆད་བཅད་པའི་བོད་མི་མང་ཤོས་ལ་ཁྲིམས་ལུགས་ཀྱི་རྒྱལ་ལྗོངས་གང་ཡང་མེད་པར། རྒྱལ་ཁབ་ཀྱི་སྲིད་དབང་མགོ་རྟིང་སློག་རྒྱུར་ངན་སྐུལ་ཟེར་བ་སོགས་ཀྱི་ཉེས་འཛུགས་འོག་ཁྲིམས་འགལ་ངང་འཛིན་བཟུང་བྱེད་བཞིན་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཡང་བརྡ་ཁྱབ་ནང་ཐེར་འདོན་བྱེད་མཁན་ལ་བྱ་དགའ་སྤྲོད་ཕྱོགས་སྐོར་ལ། རྒྱལ་ཁབ་ཀྱི་བདེ་འཇགས་དང་འབྲེལ་བ་གསང་བའི་ལས་རིགས་ཡིན་པ། མི་མང་འདུ་འཛོམས་བསྡུ་བསྐོངས་ཀྱི་རིགས་ལ་ཐེར་འདོན་མཁན་ལ་བྱ་དགའ་རྒྱ་སྒོར་ཁྲི་ ༥ ནས་ ༡༠་སྤྲོད་རྒྱུ་དང་། གཞན་ཡང་སྤྱི་ཚོགས་བརྟན་ལྷིང་དང་འབྲེལ་བ་ཡོད་པའི་གནས་ཚུལ་རིགས་ལ་ཐག་གཅོད་དགོས་རིགས་ཐེར་འདོན་མཁན་ལ་བྱ་དགའ་རྒྱ་སྒོར་ཁྲི་ ༡ ནས་ ༥ བར། ལོ་རྒྱུས་རྫུན་མ་ཁྱབ་བསྒྲགས་བྱེད་པ། བསམ་ངན་ཁོག་བཅུག་གིས་མི་རིགས་ཀྱི་འགལ་བ་སློང་བ། མི་རིགས་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་བ་སོགས་ཐེར་འདོན་མཁན་ལ་སྒོར་ ༡༠༠ ནས་ ༣༠༠ བར་ཡིན་སྐོར་བཀོད་འདུག་ལ། བྱ་དགའ་ལེན་མཁན་ཚོས་དངུལ་ལེན་པར་ཐོབ་ཐང་དཔང་ཡིག་དང་དངུལ་བྱང་ཆ་འཕྲིན་སོགས་ཀྱི་རྒྱུ་ཆ་མཁོ་འདོན་བྱ་དགོས་སྐོར་བརྗོད་ཡོད་པ་མ་ཟད། ཐེར་འདོན་བྱ་ཡུལ་སོགས་པར་རིས་ལམ་ནས་ངོ་སྤྲོད་ཞིབ་རྒྱས་བྱས་ཡོད་འདུག་ལ། གཙོ་བོ་རྒྱལ་ཁབ་བདེ་འཇགས་ཀྱི་གནད་དོན་དང་འབྲེལ་བའི་གནས་ཚུལ་ཐེར་འདོན་དགོས་པ་ཤུགས་ཆེར་བཀོད་འདུག
སྤྱིར་བོད་ནང་དུ་རྒྱ་ནག་གཞུང་གིས་ད་ཐེངས་ཙམ་མ་ཡིན་པར་ལོ་ལྟར་ནག་ཉེས་འདྲ་མིན་ལ་ཁ་གཡར་ནས་ཐེར་འདོན་དགོས་པའི་སྒྲི་གཞི་སྣ་ཚོགས་བཟོས་པ་སོགས་བྱུང་ཡོད་པ་རེད་ལ། དཔེར་ན་འདི་ལོའི་ཕྱི་ཟླ ༣ ནང་མཚོ་སྔོན་ཞིང་ཆེན་གྱིས་ཆབ་སྲིད་ཁྱབ་ཁོངས་སུ་སིམ་འཛུལ་བྱེད་པའི་ནག་སྤྱོད་སྟོབས་ཤུགས་སོགས་ལ་རྡུང་རྡེག་གཏོང་རྒྱུའི་ཐེར་འདོན་བརྡ་ཁྱབ་ཟེར་བ་ཞིག་བཏང་ཡོད་པ་རེད་ལ། ཕྱི་ལོ་ ༢༠༢༡ ལོར་བོད་ཀྱི་རྒྱལ་ས་ལྷ་ས་ཁུལ་དུ་ཉེས་ཅན་ཐེར་འདོན་གྱི་བརྡ་ཁྱབ་ཟེར་བ་བཏང་བ་དང་། ཕྱི་ལོ་ ༢༠༡༨ ལོར་ནག་ཆུ་རྫོང་སྤྱི་བདེ་ཉེན་རྟོག་ལས་ཁུངས་ཀྱིས་ནག་ཆུ་ས་ཁུལ་དུ་ཁ་བྲལ་གྱི་ལས་འགུལ་སྤེལ་མཁན་དང་ཕྱི་ལོགས་ཀྱི་བོད་པ་བཙན་བྱོལ་བ་ཚོར་འབྲེལ་བ་བྱེད་མཁན་ཐེར་འདོན་མཁན་ལ་བྱ་དགའ་སྤྲོད་སོགས་ཀྱི་བརྡ་ཁྱབ་བཏང་ཡོད་པ་རེད་ལ། དེ་བཞིན་དེང་སྐབས་དྲ་རྒྱའི་སྒྲིག་ཁྲིམས་སྣ་ཚོགས་ལག་བསྟར་གྱིས་རྒྱ་ནག་གཞུང་གིས་དྲ་ལམ་དང་དངོས་ཡོད་གང་དུ་ཡང་བོད་ནང་གི་བོད་མི་ཚོར་དམ་དྲག་དང་སྨྲ་བརྗོད་རང་དབང་ལ་བཀག་བསྡོམས་ཤུགས་ཆེར་བྱེད་བཞིན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།