བོད་ནང་ས་ཡོམ་གྱི་གོད་ཆགས་བྱུང་བ་དེ་ལ་བརྟེན་ནས་རྒྱ་ནག་གིས་ཡར་ཀླུང་གཙང་པོར་ཆུ་རགས་བརྒྱབ་རྒྱུར་བསམ་བློ་གཉིས་པ་གཏོང་དགོས་ཐུག་ཡོད།
ཟླ་འདིའི་ཚེས་ ༧ ཉིན་གྱི་སྔ་དྲོར་བོད་དིང་རི་ནང་ས་ཡོམ་ཤུགས་ཚད་ ༧.༡ བརྒྱབ་སྟེ་ད་ལྟའི་ཆར་མི་གྲངས་ ༡༢༦ རྐྱེན་འདས་དང་ ༡༨༨ རྨས་སྐྱོན་ཕོག་པ། དེ་བཞིན་ཁང་པ་སོགས་གཏོར་སྐྱོན་ཤུགས་ཆེར་ཐེབས་ཡོད་པའི་རྐྱེན་ངན་ཐད་ཐུགས་འཚབ་དང་འབྲེལ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས། རྒྱ་ནག་གཞུང་གིས་ཉེ་ལམ་བོད་ཀྱི་ཀོང་པོ་ཉིང་ཁྲིའི་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་སྨད་ཕྱོགས་ཀྱི་བཞུར་རྒྱུན་དུ་འཛམ་གླིང་གི་ཆུ་རགས་ཆེ་ཤོས་ཤིག་རྒྱག་འཆར་ལ་ཆོག་མཆན་སྤྲད་ཡོད་པར་དེར། ད་ཆ་བསམ་བློ་གཉིས་པ་གཏོང་དགོས་སྐོར་ནན་བརྗོད་གནང་ཡོད་པ་མ་ཟད། དེའི་སྐོར་བོད་དོན་དང་ཁོར་ཡུག་ཉམས་ཞིབ་པ་སོགས་ནས་ཀྱང་ས་ཡོམ་རྒྱག་སླ་བའི་ཧི་མ་ལ་ཡའི་ཁུལ་དུ་ཆུ་རག་བརྒྱབ་རྒྱུར་དོགས་ཟོན་དང་བློ་འཚབ་ཤུགས་ཆེ་སྟོན་བཞིན་ཡོད།
དེ་ཡང་སྲིད་སྐྱོང་མཆོག་གིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་པར་གཞིགས་ན། ད་བར་ང་ཚོས་འགྲེལ་བརྗོད་བྱེད་བཞིན་པ་ལྟར། བོད་ཀྱི་ས་ཁུལ་ཡོངས་རྫོགས་ནི་ད་ཆ་ས་ཡོམ་འབྱུང་ཉེན་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་ཡོད་ཅིང་། ད་ལན་དིང་རིར་ས་ཡོམ་གྱི་གོད་ཆགས་བྱུང་བ་ནི་འདས་པའི་ལོ་བརྒྱ་ཕྲག་གཅིག་གི་ནང་ས་ཡོམ་ཤུགས་ཆེ་ཤོས་དྲུག་པ་ལྟ་བུ་ཆགས་ཡོད་པས་མང་ཚོགས་ནས་བོད་ཀྱི་ཁོར་ཡུག་ལ་དོ་སྣང་ཤུགས་ཆེ་བྱ་དགོས་པ་དང་། ཉེ་བའི་ཆར་རྒྱ་ནག་གཞུང་གིས་ཡར་ཀླུང་གཙང་པོའི་ལྷོ་ངོས་སུ་ཡོད་པའི་མེ་ཏོག་རྫོང་དུ་ཆུ་མཛོད་ཆེན་པོ་ཞིག་རྒྱག་འཆར་ཡོད་པ་དེ་ཡང་ས་ཡོམ་འབྱུང་ཉེན་གྱི་ས་ཁུལ་ལ་འཁེལ་ཡོད་ཙང་། ས་ཡོམ་དང་ཁོར་ཡུག་གི་གནོད་སྐྱོན་དེ་བཞིན་གལ་ཆེན་ཞིག་ཏུ་ངོས་འཛིན་མ་གནང་ཚེ། དེ་རིང་གི་ས་ཡོམ་དེ་ལྟ་བུ་ལ་བརྟེན་ནས་མ་འོངས་པར་རྒྱ་གར་དང་བྷང་ལ་དྷེ་ཤི་ནང་དུ་གནོད་སྐྱོན་ཆེན་པོ་ཐེབས་སྲིད་པའི་སྐོར་འགྲེལ་བརྗོད་གནང་བྱུང་།
ཡང་ཁོང་གིས་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྣམས་ནས་གནད་དོན་དེ་ཤེས་པའི་ཐོག བོད་ཀྱི་རང་བྱུང་ཁོར་ཡུག་དེ་བོད་གཅིག་པོ་མིན་པར་ཁྱིམ་མཚེས་མང་པོ་གཅིག་ལ་འབྲེལ་བ་ཆགས་བསྡད་ཡོད་པས། བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱ་རྒྱུར་རྒྱལ་ཁབ་གཞན་ཚོས་རྒྱ་ནག་ལ་སྐུལ་མ་གཏང་རྒྱུ་གནད་འགག་ཆེན་པོ་ཆགས་ཡོད་ཅེས་གསུངས་སོང་།
བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་གཞོན་པ་དང་ཁོར་ཡུག་ཉམས་ཞིབ་པ་འཛམ་ལྷ་བསྟན་པ་རྒྱལ་མཚན་ལགས་ཀྱིས། ད་ལྟ་ཡར་ཀླུང་གཙང་པོའི་སྟེང་ཆུ་རགས་རྒྱག་འཆར་ཡོད་པ་དེ་ཀོང་པོའི་ཁུལ་དུ་ཆགས་ཡོད་སྟབས། ད་ཐེངས་དིང་རི་ཁུལ་དུ་ས་ཡོམ་བརྒྱབ་པ་དེ་ཀོང་པོ་ལའང་ཉེན་བརྡ་ཤུགས་ཆེན་སྤྲད་ཡོད། ཀོང་པོ་དང་དིང་རི་གཉིས་ཕན་ཚུན་རྒྱང་ཐག་རིང་ཙམ་ཡོད་པས་ཐད་ཀར་འབྲེལ་བ་ཞེ་དྲག་མེད་པ་ལྟ་བུ་སྣང་ནའང་། དིང་རི་དང་ཀོང་པོ་གཉིས་ཆགས་སའི་ས་ཚིགས་བོད་མཐོ་སྒང་དང་རྒྱ་གར་གླིང་ཆེན་པོ་གཉིས་ཀྱི་མཐུན་མཚམས་དེར་ཆགས་བསྡད་ཡོད་པ་གཅིག་མཚུངས་ཡིན་ལ། དེ་ཡང་ས་ཡོམ་བྱུང་སླ་བའི་ས་ཚིགས་སུ་ཁེལ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
དེ་བཞིན་ཁོང་གིས་མུ་མཐུད། ས་ཁུལ་དེ་དག་ཐོག་མ་ཉིད་ནས་ས་ཡོམ་བྱུང་སླ་བའི་ས་ཆ་ཡིན་པའི་ཁར། ཆུ་རགས་བརྒྱབ་ན་ས་ཡོམ་རྐྱེན་གྱིས་ཆུ་རགས་ལུག་པའི་གནས་སྟངས་བྱུང་ཚེ། གཤམ་དུ་ཡོད་པའི་རྒྱ་གར་དང་བྷང་ལ་དྷེ་ཤི་སོགས་ལ་གནོད་སྐྱོན་ཚབས་ཆེ་ཐེབས་ཉེན་ཡོད་པ་མ་ཟད། རྒྱ་ནག་གི་ཚན་རིག་པ་མང་པོས་ཆུ་རགས་ཆེན་པོ་བརྒྱབ་པའི་དབང་གིས་ལོ་བཅུའི་རྗེས་སུ་ཡོང་སྲིད་པའི་ས་ཡོམ་ལོ་ལྔའི་སྔོན་ལ་ཡོང་རྒྱུར་ཤུགས་རྐྱེན་ཐེབས་སྲིད་སྐོར་འགྲེལ་བརྗོད་བྱེད་ཀྱི་ཡོད་པ་གསུངས་སོང་།
དེ་མཚུངས་བོད་དོན་ཉམས་ཞིབ་པ་ཀ་ལོ་ཊི་ཨར་པི་(Claude Arpi)ལགས་ཀྱིས་བོད་ནང་གི་ས་ཡོམ་གྱི་དོན་རྐྱེན་དང་། རྒྱ་ནག་གིས་ས་ཡོམ་བྱུང་ཉེན་ཆེ་བའི་ཧི་མ་ལ་ཡའི་རི་རྒྱུད་དུ་འཛམ་གླིང་གི་ཆུ་མཛོད་རྒྱག་འཆར་ཡོད་པ་དེར་བློ་འཚབ་དང་བཅས་གསུངས་དོན། ད་ཆ་དིང་རི་ཁུལ་དུ་ས་ཡོམ་བརྒྱབ་ཡོད་པས། འབྱུང་འགྱུར་རྒྱ་ནག་གིས་ཆུ་རགས་ཆེན་པོ་འཛུགས་སྐྲུན་བྱེད་འཆར་ཡོད་པའི་ས་ཁུལ་གཞན་དག་ལ་ཡང་བསམ་བློ་གཏོང་དགོས། དེ་རིང་གི་ས་ཡོམ་དེ་དིང་རི་ཁུལ་དུ་བརྒྱབ་ཡོད་ལ། ཕྱིས་སུ་ཉིང་ཁྲི་དང་ལྷོ་ཁ། ཨ་རུ་ནཱ་ཅལ་སོགས་ལའང་བརྒྱབ་ཉེན་ཡོད། སྤྱིར་ཧི་མ་ལ་ཡའི་ས་ཁུལ་དེ་ས་ཡོམ་བྱུང་སླ་བའི་ཁུལ་ཡིན་པས་བོད་དང་རྒྱ་གར། བྷང་ལ་དྷེ་ཤི་སོགས་ལ་ཉེན་ཁ་ཧ་ཅང་ཆེན་པོ་ཡོད་པའི་ཁར། གནས་རྩ་ཆེན་ཞིག་ཀྱང་ཡིན་སྟབས་རྒྱ་མིས་ཆུ་རགས་འཛུགས་བསྐྲུན་མ་བྱས་སྔོན་ལ་བསམ་བློ་གཉིས་པ་བཏང་ནས་རྒྱ་གར་མཉམ་དུ་གྲོས་བསྡུར་བྱ་རྒྱུའི་རེ་བ་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།
བོད་དང་ལྷག་པར་ཧི་མ་ལ་ཡའི་རི་བརྒྱུད་དེ་ས་ཡོམ་བྱུང་ཉེ་ཆེ་བའི་ས་ཚིགས་ཤིག་ཡིན་པའི་རྒྱུ་མཚན་གང་ཡིན་སྐོར་ཁོར་ཡུག་ཉམས་ཞིབ་པ་བསྟན་པ་རྒྱལ་མཚན་ལགས་ཀྱིས་གསུངས་དོན་ལ། ལོ་རྒྱུས་ཐོག་ནས་བོད་ཀྱི་ས་ཆ་དེ་ས་ཡོམ་མང་པོ་ཡོང་སའི་ས་ཁུལ་ཞིག་ཆགས་བསྡད་ཡོད། ལྷག་པར་དུ་ཧི་མ་ལ་ཡའི་རི་བརྒྱུད་དེ་དམིགས་བསལ་གྱི་ས་ཡོམ་མང་པོ་བྱུང་ས་ཞིག་ཆགས་ཡོད། གང་ཡིན་ཞེ་ན་བོད་མཐོ་སྒང་མ་ཆགས་པའི་སྔ་རོལ་ལོ་ངོ་ས་ཡ་ ༥༠ ཡང་ན་ས་ཡ་སུམ་ཅུ་སོ་གྲངས་སྔོན་བོད་དེ་རྒྱ་མཚོ་ཡིན་པ་དང་། རྒྱ་མཚོ་སྐམ་ནས་རིམ་པས་མཐོ་སྒང་ལ་གྱུར་ཡོད་པ་ལྟར། རྒྱ་གར་གི་གླིང་ཕྲན་དང་སྐབས་དེའི་ཨེ་ཤེ་ཡའི་གླིང་གཉིས་གདོང་ཐུག་བརྒྱབ་ནས་བོད་མཐོ་སྒང་ཟེར་བ་དེ་ཆགས་ཡོད་པ་དང་། གླིང་ཆེན་པོ་གཉིས་ཀྱི་མཐུན་མཚམས་དེ་ལ་ཧི་མ་ལ་ཡའི་རི་བརྒྱུད་དེ་ཆགས་བསྡད་ཡོད་ཙང་ས་ཡོམ་རྒྱག་སླ་བ་ཡོད་སྐོར་གསུངས་སོང་།
དེ་བཞིན་བོད་དོན་ཉམས་ཞིབ་བ་ར་མ་ཅ་ལ་ནི་ (Brahma Chellaney) ལགས་ཀྱིས། བོད་དང་རྒྱ་གར། བལ་ཡུལ་གྱི་ས་མཚམས་ཉེ་འགྲམ་དུ་བྱུང་བའི་ས་ཡོམ་ཤུགས་ཆེན་དེས་རྒྱ་ནག་གིས་འཕགས་བོད་ས་མཚམས་ཉེ་འདབས་སུ་རྒྱག་འཆར་ཡོད་པའི་ཆུ་རགས་ཆེན་པོ་དེས་མར་རྒྱུད་ས་ཁུལ་གྱི་མི་མང་ལ་ཆུའི་ཉེན་ཁ་ཆེན་པོ་བཟོ་རྒྱུ་ཡིན་པ་མཚོན་གྱི་ཡོད།
ཆུ་རགས་འཛུགས་བསྐྲུན་གྱིས་ས་ཡོམ་སོགས་ཀྱི་རྐྱེན་ངན་ཡོང་གི་ཡོད་པ་དེ་སྔོན་ ༢༠༠༨ ལོར་ཟི་ཁྲོན་ཞིང་ཆེན་ནང་གསལ་པོ་བྱུང་ཡོད་ལ་སྐབས་དེར་ས་ཡོམ་ཤུགས་ཚད་༧ཅན་ཞིག་རྒྱབ་ཡོད་པ་དང་། མི་གྲངས་ ༨༧༠༠༠ ལྷག་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།