རྒྱ་ནག་གིས་སེམས་འཚབ་ཆེན་པོས་སྐྱོན་བརྗོད་བྱས་འདུག

2016-12-12
གློག་འཕྲིན།
མཆན།
Share
པར་བཀོད།
སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག་གིས་སྲིད་འཛིན་ཐོབ་པའི་རྒྱལ་ཁའི་གཏམ་བཤད་གནང་སྐབས། ༢༠༡༦།༡༡།༩
སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)མཆོག་གིས་སྲིད་འཛིན་ཐོབ་པའི་རྒྱལ་ཁའི་གཏམ་བཤད་གནང་སྐབས། ༢༠༡༦།༡༡།༩
དྲ་བཤུས།/youtube

ཨ་རིའི་སྲིད་འཛིན་འོས་ཐོབ་པས་རྒྱ་ནག་གཅིག་གི་རྩ་དོན་དམ་འཛིན་བྱེད་དགོས་ངེས་མིན་པ་གསུངས་བར་རྒྱ་ནག་གིས་སེམས་འཚབ་ཆེན་པོས་སྐྱོན་བརྗོད་བྱས་འདུག
ཨ་རིའི་སྲིད་འཛིན་འོས་ཐོབ་པ་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)་མཆོག་གིས་ཨ་མི་རི་ཀས་རྒྱུན་རིང་ནས་འཛིན་པའི་རྒྱ་ནག་གཅིག་གི་རྩ་དོན་ལ་དམ་འཛིན་བྱེད་དགོས་ངེས་ཤིག་མིན་ལ། ཐེ་ཝན་དེ་བཞིན་རྒྱ་ནག་གཅིག་གི་ཆ་ཤས་ཤིག་ཡིན་སྐོར་དམ་འཛིན་བྱེད་དགོས་ངེས་ཀྱང་མིན་ཚུལ་གསུངས་པར་དེ་རིང་རྒྱ་ནག་གིས་དེར་སེམས་འཚབ་ཆེན་པོ་ཡོད་ལུགས་བརྗོད་འདུག
དེ་ཡང་ཚེས་༡༡་གཟའ་ཉི་མའི་ཉིན་ཨ་རིའི་བརྙན་འཕྲིན་ལས་ཁང་Fox News Sunday ཞེས་པའི་ལས་རིམ་ཐོག་ཨ་རིའི་སྲིད་འཛིན་གསར་པར་ངེས་པ་སྐུ་ཞབས་ཌོ་ནལཌ་ཏྲ་རམཔ་(Donald Trump)་མཆོག་གིས་འདས་པའི་ལོ་༤༠་ལྷག་རིང་ཨ་མི་རི་ཀས་རྒྱ་ནག་ཐོག་འཛིན་པའི་སྲིད་ཇུས་ལ་འདྲི་རྩད་ཀྱིས་དེ་དམ་འཛིན་གནང་དགོས་ངེས་མིན་ལུགས་གསུངས་པ་དེ་ནི་འདི་ཟླའི་ཚེས་༢་ཉིན་ཁོང་གིས་ཐེ་ཝན་གྱི་སྲིད་འཛིན་ལྕམ་ཚ་ཡེ་དབྱིངས་ཡན་གྱི་ཞལ་པར་བཞེས་པའི་རྗེས་སུ་བྱུང་སྟབས་དེར་དེ་རིང་རྒྱ་ནག་གིས་ངོ་རྒོལ་སྐྱོན་བརྗོད་ཞུས་འདུག
རྒྱ་ནག་གི་ཕྱི་སྲིད་ལས་ཁང་གིས་གལ་ཏེ་ཨ་མི་རི་ཀས་ཐེ་ཝན་ཐོག་འཛིན་པའི་རྒྱ་ནག་གི་ཁེ་ཕན་སྙིང་པོ་དེ་ངོས་འཛིན་མ་བྱས་པ་ཡིན་ན་དེ་ནི་ཨ་རི་དང་རྒྱ་ནག་གཉིས་མཉམ་འབྲེལ་བྱ་རྒྱུ་མིན་པ་གསལ་པོ་རེད་ལ་ཡང་ཐེ་ཝན་གྱི་གནད་དོན་དེ་བཞིན་ཡུལ་གྲུ་གཉིས་དབར་ཚོང་འབྲེལ་དང་བདེ་སྲུང་གི་དཀའ་རྙོག་ཐོག་གོང་འགྲིག་རྒྱུར་བེད་སྤྱོད་བྱ་རྒྱུའི་བརྡ་གཏོང་གི་ཡོད་ཚུལ་བརྗོད་འདུག
ཡང་རྒྱ་ནག་ཕྱི་སྲིད་ལས་ཁང་གི་མགྲིན་ཚབ་Geng Shuang་ཡིས་རྒྱ་ནག་གིས་གོང་ཞུས་གནས་ཚུལ་ཁག་ལ་དོ་སྣང་བྱས་ཏེ་དེ་ཚོའི་སྐོར་སེམས་འཚབ་ཆེན་པོ་ཡོད་པའི་བསམ་ཚུལ་སྟོན་ཡོད་པ་དང་འབྲེལ་ཐེ་ཝན་གྱི་གནད་དོན་དེ་ནི་རྒྱ་ནག་གི་བདག་དབང་དང་རྒྱ་ནག་གི་ཁེ་ཕན་སྙིང་པོ་དང་འབྲེལ་བ་ཡོད་སྐོར་ནན་བརྗོད་བྱེད་ཀྱི་ཡོད་ལུགས་ཀྱང་བརྗོད་ཡོད་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

མཆན། (0)
Share
དྲ་གནས་ཆ་ཚང༌།