ཨོ་སོ་ཀྲོ་ལི་ཡའི་ནང་རྒྱ་བོད་མཛའ་འབྲེལ་ཚོགས་པ་བཙུགས་འདུག

ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་སིདྲ་ནི་ནང་སྐུའི་འཁྲུངས་སྐར་དུས་ཆེན་དང་བསྟུན་ཁུལ་དེར་རྒྱ་བོད་མཛའ་འབྲེལ་མཐུན་ཚོགས་གསར་འཛུགས་གནང་བ།

2008-07-21
Share

༄༅༎བཙན་བྱོལ་བོད་གཞུང་གི་དྲ་གནས་ནང་གནས་ཚུལ་བཀོད་ཐོན་བྱུང་བར་ལྟར་ན། ཨོ་སོ་ཀྲོ་ལི་ཡའི་གྲོང་ཁྱེར་སིདྲ་ནི་ཁུལ་ཉེ་ཆར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་འཁྲུངས་སྐར་དུས་ཆེན་ཉིན་མོ་དང་བསྟུན་ཁུལ་དེར་བོད་རིགས་དང༌། རྒྱ་རིགས་མཛའ་འབྲེལ་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་པ་རེད། དེ་ནས་རིམ་བཞིན་འདི་ཚེས་ ༡༩ ཉིན་རྒྱ་རིགས་དང་བོད་རིགས་གཉིས་ཀའི་མཉམ་ད་འདྲིས་ཆེན་པོ་ཡོད་མཁན་སྐུ་ཞབས་ཀ་མལ་ཤར་མ་ཞུ་བས་གོ་བསྒྲིགས་འོག་ཁུལ་དེའི་ནང༌། ཡུལ་སྐོར་སྤྲོ་འཆམ་དང༌། མང་ཚོགས་འདུ་འཛོམས་བྱེད་ཡུལ་གྱི་ས་གནས་ཤིག་ཏུ་མཉམ་འཛོམས་བྱས་ཏེ་ཕན་ཚུན་ལག་པ་བཏང་རེས་བྱས་པའི་ལམ་ནས་འཚམས་འདྲི་བྱས་ཡོད་འདུག ཡང་སྐབས་དེར་མཐུན་ཚོགས་དེའི་བོད་རིགས་ཚོགས་གཙོ་བསྟན་འཛིན་དགའ་ལྡན་ལགས་ཀྱིས། ཕྱོགས་ཕན་ཚུན་གཉིས་ཀྱི་མང་ཚོགས་རྣམས་ལྷག་བསམ་རྣམ་དག་གི་ཐོག་ནས་གཉིས་ཀའི་ཁེ་ཕན་གྲུབ་ཐབས་སུ་གོམ་པ་དང་པོ་དེ་རེད་ཅེས་གསུངས་པ་དང༌། དེ་བཞིན་ཚོགས་པའི་རྒྱ་རིགས་ཚོགས་གཙོ་ལི་ལིཅ་ནས། མཐུན་ཚོགས་འདི་བརྒྱུད་རྒྱ་རིགས་བྱིངས་རྣམས་ཀྱི་སེམས་ནང་དྭོགས་པ་རྣམ་རྟོག་ཡོད་པ་རྣམས་ཞི་ནས་ཕན་ཚུན་ཡིད་ཆེས་འཕེར་བ་ཞིག་ཆགས་ཏེ་སྡང་སེམས་ཀྱི་རྣམ་པ་ཡལ་འགྲོ་བའི་རེ་བ་ཞུ་གི་ཡོད་ལ་རྒྱ་རིགས་དང་བོད་རིགས་གཉིས་འཆམ་མཐུན་བྱུང་བ་ཡིན་ན་དེས་འཛམ་གླིང་ནང་ཞི་བདེའི་ཁོར་ཡུག་སྐྲུན་ཐབས་ཀྱི་ཆ་ཤས་ཤིག་ཀྱང་མཚོན་ཐུབ་ཀྱི་ཡོད་རེད་ཅེས་འགྲེལ་བརྗོད་གནང་འདུག

ལོ་འདིའི་འགོ་སྟོད་དུ་བོད་ཁྱོན་ཡོངས་སུ་ངོ་རྒོལ་གྱི་དོན་རྐྱེན་བྱུང་བ་དང༌། དེ་ནས་རིམ་བཞིན་ཨོ་ལིམ་པིག་རྩེད་འགྲན་གྱི་དཔལ་འབར་བསྐོར་སྐྱོད་སྐབས་བོད་མི་དང༌། བོད་དོན་རྒྱབ་སྐྱོར་བ་ཚོས་ངོ་རྒོལ་གྱི་ལས་འགུལ་སྤེལ་བ་སོགས་ལ་བརྟེན་ཕྱོགས་གཉིས་ཀའི་དབར་འགལ་ཟླ་ཤུགས་ཆེ་རུ་ཕྱིན་ཡོད་པ་བཅས་ཀྱི་གནས་སྟངས་འོག་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཆིབས་བསྒྱུར་གནང་བའི་སྐབས། རྒྱ་མི་རིགས་དང་བོད་རིགས་དབར་གོ་རྟོགས་སྤེལ་ཐབས་དང༌། འཆམ་མཐུན་ཡོང་ཐབས་སུ་མཛའ་འབྲེལ་ཚོགས་པ་བཙུགས་ཐུབ་ན་ཞེས་བཀའ་སློབ་རིམ་པ་ཕེབས་ཡོད་པ་ནས་མཛའ་འབྲེལ་ཚོགས་པ་བཙུགས་པ་དང༌། རྒྱ་ནག་ནང་ས་ཡོམ་རྒྱབ་པའི་སྐབས་བོད་མི་ཚོས་གདུང་སེམས་མཉམ་སྐྱེད་ཞུས་ཡོད་པ་རེད༎

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།