རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག

2021-10-22
Share
རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་འདུག རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ།
བོད་ནས་བཏང་འབྱོར།

བཞུགས་སྒར་ཀིརྟིའི་བྱེས་པ་གྲྭ་ཚང་གི་བོད་གནས་འབྲེལ་མཐུད་པས་ཚེས ༢༢ ཉིན་གནས་ཚུལ་སྤེལ་བ་ལྟར་ན། སྤྱི་ཟླ་བཅུ་བའི་ཚེས་ཤར་ཙམ་ལ་རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་ཆོས་འཕེལ་ལགས། རང་ལོ་ ༣༤ ཡིན་པ་ཁོང་རྒྱ་གཞུང་གིས་འཛིན་བཟུང་བཀག་ཉར་བྱས་ཡོད་ཀྱང་།  ཁོང་འཛིན་བཟུང་བྱེད་དགོས་པའི་རྒྱུ་མཚན་དང་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཞིབ་ཕྲའི་གནས་ཚུལ་ཤེས་རྟོགས་མི་འདུག
གྲྭ་བློ་བཟང་ཆོས་འཕེལ་ལགས་དེ་སྔོན་ཕྱི་ལོ་ ༢༠༠༨ ལོར་ལྷ་ས་དང་། ཕྱི་ལོ་ ༢༠༡༡ ལོར་རྔ་བ་ནས་སོ་སོར་འཛིན་བཟུང་གིས་ཟླ་བ་བཞི་ལྷག་རེ་བཀག་ཉར་བྱས་མྱོང་འདུག
 ཁོང་ནི་རྔ་སྲིབ་ཀ་ཉག་སྡེ་བའི་རུ་བ་ཚང་གི་ཡིན་པ་དང་།  ཆུང་དུས་ནས་རྔ་བ་ཀིརྟི་དགོན་པར་གྲྭ་པ་བྱས་ནས་དེང་སྐབས་དགོན་པ་གཞུང་གི་གློག་ཀླད་སྡེ་ཚན་ནང་ལས་ཀ་བྱེད་བཞིན་ཡོད་པ་དང་། ཁོ་རང་སྒེར་ངོས་ནས་ཀྱང་རྒྱུན་དུ་ཡུལ་ལྗོངས་སོགས་པར་ལེན་བྱེད་རྒྱུར་ཧ་ཅང་དགའ་པོ་ཡོད་མཁན་ཞིག་ཡིན་པ་དང་། བོད་ནང་ཁུལ་གྱི་པར་ལེན་སྒྱུ་རྩལ་འགྲན་སྡུར་ཁ་ཤས་ནང་ཞུགས་ནས་བྱ་དགའ་ཨང་དང་པོ་སོགས་ཐེངས་འགར་ཐོབ་ཡོད་འདུག རྒྱུན་དུ་ཁོ་རང་གི་འདྲ་པར་རྣམས་དྲ་ལམ་སོགས་སུ་བཀྲམ་སྐབས་རེ་བའི་ཟླ་འོད་ཅེས་པའི་མིང་དེ་བེད་སྤྱོད་བྱེད་བཞིན་ཡོད་འདུག
ཡང་གནས་ཚུལ་ཡོང་ཁུངས་ལྟར་ན།  ཟླ་འདིའི་ཚེས་ཤར་ཙམ་ལ་རྔ་བ་ཀིརྟི་དགོན་པའི་གྲྭ་པ་གཞན་འགའ་རེ་ཡང་འཛིན་བཟུང་བྱས་ཡོད་ཚོད་འདུག་ཀྱང་ཁོང་ཚོའི་གནས་ཚུལ་ཤེས་རྟོགས་ཐུབ་མེད་པ་རེད་འདུག
༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོའི་སྐབས་ནས་རྔ་བ་ས་ཁུལ་དུ་སེར་སྐྱ་མི་མང་གིས་རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་སྲིད་ཇུས་ལ་ངོ་རྒོལ་རིམ་པར་བྱས་ཡོད་པ་ཟད་། ས་གནས་གཅིག་ནས་་རང་ལུས་མེ་བསྲེགས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་མཁན་མང་ཤོས་བྱུང་ཡོད་པ་དང་།
རྒྱ་ནག་གཞུང་གིས་རྔ་བ་ཁུལ་གྱི་སྲང་ལམ་དང་ཀིརྟི་དགོན་པའི་ནང་སོ་ལྟའི་པར་ཆས་བཙུགས་ནས་སེར་སྐྱ་མི་མང་ལ་ལྟ་རྟོག་ནན་མོ་བྱེད་བཞིན་ཡོད་འདུག
གསར་འགོད་པ། རིག་འཛིན་ཆོས་སྒྲོན།
རྩོམ་སྒྲིག་པ། རྡོ་རྗེ་དགྲ་འདུལ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཡེ་ཤེས་བཀྲ་ཤིས།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།