རྒྱ་རིགས་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་མཐོང་ཆེ་རུ་འགྲོ་བཞིན་པ།
2012.06.23
༄༅༎རྒྱ་རིགས་སྒྱུ་རྩལ་བ་ཨའེ་ལྦེ་ལྦེ་ཐོག་རྒྱ་ནག་གཞུང་གིས་དམ་དྲག་ཇི་ཙམ་ཆེ་རུ་བཏང་བ་དེ་རྩིས་ཀྱིས། ཕྱིའི་རྒྱལ་ཁབ་ཁག་གི་ནང་ཁོང་སྒྱུ་རྩལ་བ་ཞིག་དང༌། འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་བྱེད་མཁན་ཞིག་ཡིན་པའི་མཐོང་ཆེ་རུ་འགྲོ་བཞིན་ཡོད་པ། རྒྱ་ནག་གི་གནད་དོན་ཉམས་ཞིབ་པ་ཚོས་དགོངས་ཚུལ་གསུངས་ཡོད་འདུག
དེ་ཡང་དེ་སྔ་ཕྱི་ལོ་ ༢༠༡༡ ལོའི་ནང་རྒྱ་ནག་གཞུང་གིས་སྒྱུ་སྩལ་བ་ ཨའེ་ལྦེ་ལྦེ་ འཛིན་བཟུང་གིས་ཉིན་གྲངས་ ༨༡ རིང་དོ་དོམ་བཀག་ཉར་འོག་བཞག་པ་དང༌། དེ་ནས་ད་བར་རང་ཁྱིམ་དུ་བལྟ་རྟོགས་འོག་བཞག་པའི་རྗེས། བདུན་ཕྲག་འདིའི་ནང་རྒྱ་ནག་གཞུང་གིས་ཁོང་རང་ཁྱིམ་ནས་ཕྱིར་ཐོན་ཆོག་པ་མ་ཟད། རྒྱ་ནག་ནང་ཁུལ་དུ་འགྲུལ་བསྐྱོད་བྱེད་ཆོག་པའི་བཀའ་འཁྲོལ་སྤྲད་པ་དང་ཆབས་ཅིག་ ཡང་དེ་སྔ་ཁོང་གི་ཐོག་གཞུང་ལ་དཔྱ་ཁྲལ་མ་སྤྲད་པའི་ཉག་ཉེས་ཡོད་མུས་ཐོག རྒྱ་ནག་གཞུང་གིས་ད་ཆ་ཁོང་གི་ཐོག་འཆལ་སྤྱོད་དང༌། བཟའ་ཟླ་མང་པོའི་མཉམ་བསྡད་པ། ཁྲིམས་འགལ་ཐོག་ནས་ཕྱི་རྒྱལ་གྱི་དངུལ་བརྗེ་བསྒྱུར་བྱས་པ་སོགས་ཀྱི་ཉེས་འཛུགས་བསྣོན་མ་བྱས་ཡོད་པར། རྒྱ་ནག་གཞུང་གིས་ ཨའེ་ལྦེ་ལྦེ་ ཐོག་དེ་ལྟར་ཉེས་འཛུགས་བསྣོན་མ་བྱེད་དགོས་པ་ནི། ཁོང་གིས་གཞུང་ལ་སྐྱོན་བརྗོད་བྱེད་མི་ཐུབ་པ་བཟོ་རྒྱུའི་བྱ་ཐབས་ཤིག་ཡིན་པ་དེ་ལྟར་ཡང༌། དོན་དངོས་སུ་ ཨའེ་ལྦེ་ལྦེ་ ཐོག་རྒྱ་ནག་གཞུང་གིས་དྲག་གནོན་ག་ཚོད་ཆེ་རུ་བཏང་བ་དེ་རྩིས་ཀྱིས། རྒྱལ་སྤྱིའི་ཐོག་ཁོང་གི་མཐོང་ཆེ་རུ་འགྲོ་བཞིན་ཡོད་པའི་སྐོར། ཕིརི་ཌམ་ནའོ་ཞེས་རྒྱལ་སྤྱིའི་ནང་ཆབ་སྲིད་བཙོན་པའི་ཐོབ་ཐང་རྩོད་ལེན་གནང་མཁན་གྱི་ཚོགས་པའི་ལས་བྱེད་པེ་ཀྲིརིཀ་གི་རི་ཕིཐ་ཡིས། རྒྱ་ནག་གཞུང་གིས་ ཨའེ་ལྦེ་ལྦེ་ ཐོག་དམ་དྲག་དང་ཉེས་འཛུགས་འདྲ་མིན་བྱེད་ཀྱི་ཡོད་ཀྱང༌། དེ་དག་གིས་ ཨའེ་ལྦེ་ལྦེ་ ཡི་ནུས་པ་མེད་པ་བཟོ་རྒྱུའི་ཚབ་ཏུ། ཁོང་གི་མཐོང་ཆེ་རུ་གཏོང་གི་ཡོད་པ་དཔེར་ན། དེང་སྐབས་རྒྱལ་སྤྱིའི་ནང་ ཨའེ་ལྦེ་ལྦེ་ ནི་དམངས་གཙོ་དང་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་གྲགས་ཅན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་པ་མ་ཟད། ཁོང་གི་བྲིས་པ་དང་བཟོས་པའི་རིག་རྩལ་དངོས་རིགས་ལའང་རིན་ཐང་ཆེན་པོ་བརྩི་གི་ཡོད་རེད་ཅེས་གསུངས་འདུག།