རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་དྲ་ཐོག་འཇབ་རྒོལ་བྱེད་ཀྱི་ཡོད་འདུག

2021-02-26
Share
རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་དྲ་ཐོག་འཇབ་རྒོལ་བྱེད་ཀྱི་ཡོད་འདུག རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་དྲ་ཐོག་འཇབ་རྒོལ་བྱེད་ཀྱི་ཡོད་པ།
སྒྲིག་བཟོ།/Reuters

རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་དྲྭ་རྒྱའི་གནས་ཚུལ་སོ་ལྟ་དང་རྐུ་འཁྱེར་བྱེད་མཁན་གྱི་ཚན་པས་བཙན་བྱོལ་བོད་མིའི་ཚོགས་སྡེ་ཁག་ལ་དྲ་ཐོག་འཇབ་རྒོལ་བྱེད་ཀྱི་ཡོད་འདུག
རྒྱ་ནག་གཞུང་དང་འབྲེལ་བ་ཡོད་པའི་དྲྭ་རྒྱའི་གནས་ཚུལ་སོ་ལྟ་དང་རྐུ་འཁྱེར་བྱེད་མཁན་གྱི་ཚན་པས། བོད་ཀྱི་བེུད་ལྷན་ཚོགས་དང་། ལྡི་ལི་སྐུ་ཚབ་དོན་གཅོད་ལས་ཁུངས་ཀྱི་གཙོས་བཙན་བྱོལ་ནང་གི་ཚོགས་སྡེ་ཁག་གི་མིང་ཐོག་ནས། བོད་རིགས་མང་ཚོགས་ལ་གནས་ཚུལ་མཁོ་འདོན་བྱེད་བཞིན་པའི་རྣམ་པའི་འོག་བཙན་བྱོལ་བོད་མི་སྤྱི་དང་། དམིགས་བསལ་ལས་འགུལ་བ་ཚོའི་ གྷུ་གལ་གློག་འཕྲིན་བརྒྱུད་ཀམ་པུ་ཊར་ནང་སིམ་འཛུལ་དང་འཇབ་རྒོལ་བྱེད་པ་དང་། བོད་མི་སྒེར་དང་འབྲེལ་ཡོད་ཚན་པ་ཁག་ཅིག་གི་གནས་ཚུལ་ལ་སོ་ལྟ་དང་རྐུ་འཁྱེར་བྱེད་ཀྱི་ཡོད་པ་ཨ་མི་རི་ཀའི་ཀ་ལི་ཧྥོར་ནི་ཡའི་མངའ་སྡེའི་(Sunnyvale)ས་ཁུལ་དུ་ཡོད་པའི་དྲྭ་རྒྱའི་གནས་ཚུལ་རྐུ་འཁྱེར་གྱི་ལས་དོན་ལ་རྟོགས་ཞིབ་དང་བཀག་སྡོམ་བྱེད་མཁན་(Proofpoint)ཆེད་ལས་ཚན་པས་ཕྱི་ཟླ་ ༢ ཚེས་༢༦གཟའ་པ་སངས་ཉིན་གནས་ཚུལ་སྤེལ་འདུག
འདིའི་ཐད་ལྡི་ལི་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གསར་འགོད་འབྲེལ་མཐུད་པ་ལྷག་པ་སྒྲོལ་མ་ལགས་ཀྱིས་ཨེ་ཤེ་ཡ་རླུང་འཕྲིན་ཁང་ལ་གསུངས་ན། ཉེ་སྔོན་ནས་དོན་གཅོད་ལས་ཁུངས་གཙོས་ཚོགས་སྡེ་ཁ་ཤས་ཀྱི་མིང་ཐོག་བརྒྱུད་གློག་འཕྲིན་རྫུན་མ་དེ་འདྲ་འབྱོར་བཞིན་པ་ཤེས་རྟོགས་བྱུང་འཕྲལ་ང་ཚོས་གོ་བསྡུར་བྱས་ནས། ད་ཆ་དེའི་ཐད་དོ་སྣང་དང་གཟབ་ནན་བྱེད་བཞིན་ཡོད། ཚང་མས་དོན་གཅོད་ལས་ཁུངས་སོགས་ཚོགས་སྡེ་ཁག་གི་མིང་ཐོག་གློག་འཕྲིན་མཉམ་ཡིག་ཆ་དང་དྲ་ཐག་མཉམ་སྦྱར་བྱས་བ་དེ་འདྲ་འབྱོར་ཚེ། གློག་འཕྲིན་ཁ་མ་ཕྱེ་སྔོན་འབྲེལ་ཡོད་ལས་ཁུངས་དེར་དོགས་དྲི་བྱེད་པ་འམ་ཡང་ན་གཟབ་ནན་བྱེད་དགོས་པ་འགྲེལ་བརྗོད་གནང་བྱུང་།
དེ་སྔ་ཡང་རྒྱ་ནག་དམར་ཤོག་ཚོགས་པ་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དྲྭ་རྒྱའི་ཐོག་གནས་ཚུལ་སོ་ལྟ་བྱེད་མཁན་གྱི་ཚན་པས། དབྱིན་ཡིག་ནང་(Lucky Cat)དང་། (Exile Rat)སོགས་མིང་བཏགས་པའི་དྲ་ལམ་འཇབ་རྒོལ་ལས་འགུལ་ནང་། བཙན་བྱོལ་བོད་མི་ལས་འགུལ་བ་ཚོའི་ཀམ་པུ་ཊར་དང་། གློག་འཕྲིན་སོགས་ནང་སིམ་འཛུལ་གྱིས་གནས་ཚུལ་སོ་ལྟ་བྱས་མྱོང་ཡོད་པ་རེད་འདུག
དྲྭ་རྒྱའི་གནས་ཚུལ་རྐུ་འཁྱེར་གྱི་ལས་དོན་ལ་རྟོག་ཞིབ་དང་བཀག་སྡོམ་བྱེད་མཁན་ཨ་རིའི་ཚན་པ་(Proofpoint)གྱིས་གསལ་སྟོན་བྱས་པའི་ནང་། ད་ཐེངས་རྒྱ་ནག་གིས་དྲ་ལམ་བརྒྱུད་འཇབ་རྒོལ་བྱེད་སྟངས་དེ། བཙན་བྱོལ་ནང་གི་བོད་ཀྱི་བེུད་ལྷན་ཚོགས་དང་། ལྡི་ལི་སྐུ་ཚབ་དོན་གཅོད་སོགས་ཚོགས་སྡེ་ཁག་གི་མིང་ཐོག་གློག་འཕྲིན་བཏང་བ་བརྒྱུད། འཕྲིན་ཡིག་ནང་(Youtube)ནང་གི་འབྲེལ་ཡོད་བརྙན་ལ་ལྟ་རྒྱུར་སྐུལ་སློང་བྱས་ནས་དེའི་དྲ་ཐག་རྫུན་མ་མཉམ་སྦྱར་བྱེད་པ་དང་། དྲ་ཐག་དེ་མནན་ནས་ཁ་ཕྱེ་ཚེ་(Adobe Flash Player Update)མཉེན་ཆས་གཞན་ཞིག་ཕབ་ལེན་བྱ་དགོས་པར་སྐུལ་བས། དེ་ཕབ་ལེན་བྱས་ཚེ། གང་ཟིག་གང་དེའི་གློག་ཀླད་རྩིས་འཁོར་རམ་ཀམ་པུར་ཊར་ནང་སོ་ལྟའི་ནད་འབུ་བཏང་ཟིན་པ་དང་། དེ་ནས་དྲ་ལམ་བརྒྱུད་འཇབ་རྒོལ་དང་གནས་ཚུལ་སོ་ལྟ་རྐུ་འཁྱེར་བྱེད་ཐུབ་པ་མ་ཟད། ཐ་ན་མི་སྒེར་གྱི་(Gmail)སོགས་གློག་འཕྲིན་གྱི་གསང་མིང་དང་གསང་རྟགས་བརྗེ་བ་དང་ཁ་བྱང་རྐུ་འཁྱེར་བྱེད་པ་སོགས་ཀྱི་ཉེན་ཁ་ཡོད་པ་གསལ་སྟོན་བྱས་འདུག
ད་དུང་གནས་ཚུལ་ནང་། རྒྱ་ནག་གཞུང་གིས་བཙན་བྱོལ་བོད་མིར་དམིགས་ནས་བཏང་བའི་སོ་ལྟའི་ནད་འབུ་མཉེན་ཆས་དེ། དྲ་རྒྱ་སྔོག་བྱེད་(Mozilla FireFox)ཡི་གནས་ཚུལ་འཚོལ་ཞིབ་བྱ་རྒྱུའི་ཁ་བྱང་གི་ངོ་བོའི་ཐོག་ནས་(FireFox)ཞེས་པའི་མིང་ཐོག་ནས་ཡང་གཏོང་གི་ཡོད་པ་བཀོད་འདུག་ཅིང་། ཐེངས་འདིའི་དྲ་འབུ་འདི་ (TA413)ཟེར་བའི་བརྒྱུད་ལམ་གྱི་ཐོག་ནས་དྲ་རྒྱ་འཇབ་རྒོལ་གྱི་ལས་འགུལ་སྤེལ་བཞིན་ཡོད་པ་དང་། དེ་སྔོན་ཡང་བརྒྱུད་ལམ་དེ་རང་གི་ཐོག་ནས་འཇབ་རྒོལ་དང་གསང་བའི་གནས་ཚུལ་རྐུ་འཁྱེར་གྱི་ལས་འགུལ་སྤེལ་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།