༸སྐྱབས་རྗེ་ཡོངས་འཛིན་གླིང་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཐེངས་ ༣༣ པ་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དུ་དབུ་འཛུགས་གནང་པ།
བལ་ཡུལ་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་དབུ་འཛུགས་དང་འབྲེལ་༸སྐྱབས་རྗེ་གླིང་མཆོག་སྤྲུལ་རིན་པོ་ཆེ་མཆོག་གིས་༸གོང་ས་༸སྐྱབས་མགོན་ཆེན་པོའི་བཀའ་དགོངས་ལྟར་ལུང་རྟོགས་ཀྱི་བསྟན་པར་ཐོས་བསམ་སློབ་གཉེར་གནང་རྒྱུར་འབད་རྩོལ་མུ་མཐུད་གནང་དགོས་པའི་བཀའ་གནང་འདུག
དེ་ཡང་བལ་ཡུལ་རྒྱལ་ས་ཀ་ཐ་མན་གྲུ་ནང་རྟེན་གཞི་བྱས་པའི་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དུ་༸སྐྱབས་རྗེ་ཡོངས་འཛིན་མཆོག་སྤྲུལ་རིན་པོ་ཆེ་དབུ་བཞུགས་ཐོག་ཟླ་ ༣ ཚེས་ ༡༡ ཉིན་དགེ་ལྡན་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐེངས་ ༣༣ པ་དབུ་འཛུགས་གནང་ཡོད་པ་དང་། སྐབས་དེར་རིན་པོ་ཆེ་མཆོག་གིས་བོད་ནང་དུས་འགྱུར་བྱུང་བ་ནས་ཟུང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་སྐྱ་སེར་དབྱེ་བ་མེད་པའི་ཐོག་ནང་ཆོས་ལ་སློབ་གཉེར་གནང་དགོས་གལ་ཆེ་བའི་བཀའ་སློབ་དུས་ནས་དུས་སུ་ཕེབས་ཀྱི་ཡོད་པ་བཞིན། བོད་ཕྱི་ནང་གཉིས་སུ་རྟེན་གཞི་བྱས་པའི་གདན་ས་ཆེན་པོ་གཙོ་བོར་གྱུར་བའི་རིས་མེད་དགོན་སྡེ་ཁག་མང་དག་ཅིག་ལ་རིག་གནས་བསླབ་པ་སློབ་གཉེར་བྱ་རྒྱུའི་གོ་སྐབས་བཟང་པོ་ཐོབ་ཡོད་ཅིང་། ལྷག་པར་དུ་བལ་ཡུལ་ནང་དུ་སློབ་གཉེར་ཚུལ་བཞིན་གནང་སྟེ་རྒྱུགས་སྤྲོད་མཐར་སོན་བྱུང་ཡོད་པ་ནི་༸རྒྱལ་བའི་བཀའ་བསྒྲུབས་པའི་འབྲས་བཟང་ཡིན་ལ། མ་འོངས་པར་མུ་མཐུད་ཡར་རྒྱས་ཕྱོགས་སུ་འབད་བརྩོན་གྱིས་༸རྒྱལ་བའི་བཀའ་དགོང་བསྒྲུབ་རྒྱུ་གལ་ཆེན་པོ་ཡིན་པའི་བཀའ་སློབ་གནང་ཡོད་པ་དགོས་གལ་ཆེ་པོ་ཡིན་པ་བལ་ཡུལ་དགེ་ལྡན་ལྷན་ཚོགས་ཀྱི་ཚོགས་གཙོ་དགེ་བཤེས་རྒྱལ་མཚན་བཟོད་པ་ལགས་ཀྱིས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།

གཞན་ཡང་དགེ་བཤེས་རྒྱལ་མཚན་བཟོད་པ་ལགས་ཀྱིས་རྒྱུག་སྤྲོད་དང་འབྲེལ་བའི་སྐོར་ངོ་སྤྲོད་གནང་བ་གཞིགས་ན། ཐེངས་འདིར་དགེ་ལུགས་རྒྱུགས་སྤྲོད་ཆེན་མོའི་བསླབ་པ་མཐར་སོན་པ་རྣམས་ལ་ཕྱག་འཁྱེར་དང་། ཀ་ཐ་མན་གྲུ་ནང་དུ་རྟེན་གཞི་བྱས་པའི་དགོན་ཁག་བཅུའི་སློབ་མ་རྩེ་ཕུད་རྣམས་ལ་གཟེངས་རྟགས་གནང་ཡོད་ལ། རྒྱུགས་སྤྲོད་ལ་རིམ་པ་མི་འདྲ་བ་མང་དག་ཅིག་ཡོད་པའི་ཁྲོད་ནས། གཞུང་ཆེན་ཡིག་རྒྱུགས་དང་། གཞུང་ཆེན་བློ་རྒྱུགས། དེ་བཞིན་གཞོན་སྐྱེས་སློབ་མ་ཚོར་གཞུང་ཆེན་ཡིག་རྒྱུགས་ཀྱི་གོ་སྐབས་མེད་སྟབས། ཡིག་གཟུགས་དང་བློ་རྒྱུགས་གཏོང་གི་ཡོད་སྐོར་འདི་ག་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་བྱུང་།
གཞི་རྩའི་ད་ལོ་གཅིག་པུར་ཀོ་པན་འོག་མིན་བྱང་ཆུབ་ཆོས་གླིང་དུ་གཞུང་ཆེན་ཀ་པོད་ལྔ་ལ་བསླབ་པ་མཐར་སོན་པའི་དགེ་འདུན་དང་བཙུན་མ་ཁྱོན་ ༡༧ དང་། དགེ་བཤེས་རབ་འབྱམས་པའི་དམ་བཅའ་བཞེས་མཁན་ཁྱོན་མི་གྲངས་ ༨ བྱུང་འདུག་ཅིང་། སྤྱིར་བལ་ཡུལ་ཆོ་འཕྲུལ་སྨོན་ལམ་ཆེན་མོ་ཐོག་མར་ཕྱི་ལོ་ ༡༩༩༠ ནང་བལ་ཡུལ་ནང་དགོན་པ་བརྒྱད་ཐུན་མོང་གིས་དབུ་འཛུགས་གནང་ཡོད་པ་དང་དེ་ཉིད་རིམ་བཞིན་ཡར་རྒྱས་ཕྱིན་ཏེ་ད་ལོ་སྨོན་ལམ་ཐེངས་ ༣༣ པ་འཚོག་འདུག ཆོ་འཕྲུལ་སྨོན་ལམ་ཆེན་མོའི་དུས་ཆེན་ནི་སྔོན་རྒྱ་གར་འཕགས་པའི་ཡུལ་གྱི་མཉན་ཡོད་དུ། བདག་ཅག་གི་སྟོན་པ་ཐུགས་རྗེ་ཅན་གྱིས་མུ་སྟེགས་པའི་སྟོན་པ་དྲུག་རྗེས་འབྲངས་དང་བཅས་པ་ཆོ་འཕྲུལ་གྱིས་ཕམ་པར་མཛད་པའི་ཆོ་འཕྲུལ་དུས་ཆེན་དུ་གྲགས་པ་ཞིག་ཡིན་ཞིང་། དུས་ཆེན་དེའི་རྗེས་དྲན་སླད་དུ་ཕྱི་ལོ་ ༡༤༠༩ ལོར་འཇམ་མགོན་བླ་མ་ཙོང་ཁ་པ་ཆེན་པོས་བོད་ནང་སྨོན་ལམ་རྒྱ་ཆེ་བ་ཞིག་ཚོགས་གནང་ཡོད་པ་དང་། དེ་རྗེས་རིམ་བཞིན་བོད་ཡུལ་དུ་ལོ་ལྟར་བོད་ཟླ་དང་པོའི་ནང་ལོ་གསར་དགའ་སྟོན་རྗེས་སུ་བོད་མི་རྣམས་ཀྱིས་སྲུང་བརྩི་ཞུ་གི་ཡོད་པ་རེད། །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།