ཨ་རིའི་པོར་ཊི་ལན་ཌི་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོས་ཁུང་ཙི་སློབ་གཉེར་ཁང་སྒོ་རྒྱག་རྒྱུ་ཡིན་འདུག

2021-03-04
Share
ཨ་རིའི་པོར་ཊི་ལན་ཌི་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོས་ཁུང་ཙི་སློབ་གཉེར་ཁང་སྒོ་རྒྱག་རྒྱུ་ཡིན་འདུག ཁུང་ཙི་ཞིབ་འཇུག་ལྟེ་གནས་ཁང་གི་ལས་རྟགས།
དྲ་བཤུས་དང་སྒྲིག་བཟོ།

ཨ་རིའི་པོར་ཊི་ལན་ཌི་(Portland)གྲོང་ཁྱེར་ནང་གི་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོས། རྒྱ་ནག་གཞུང་གིས་རྒྱུ་གྲོན་གཏོང་བཞིན་པའི་ཁུང་ཙི་སློབ་གཉེར་ཁང་(Confucius Institute)ཟེར་བ་སྒོ་རྒྱག་རྒྱུ་ཐག་གཅོད་བྱས་འདུག
དེ་ཡང་ཉེ་ཆར་བོད་རང་བཙན་སློབ་ཕྲུག་ཚོགས་པས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཨ་རིའི་ནང་གི་སློབ་གྲྭ་ཆེན་མོ་བཅུ་གྲངས་ཤིག་གིས་ཁོང་ཚོའི་སློབ་གྲྭའི་ནང་དུ་ཡོད་པའི་རྒྱ་ནག་གི་ཁུང་ཙི་སློབ་གཉེར་ཁང་ཟེར་བ་རིམ་པས་སྒོ་རྒྱག་བཞིན་པ་ལྟར། པོར་ཊི་ལན་ཌི་མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོས་ཀྱང་ལོ་ངོ་༡༣ཙམ་ལ་གནས་བའི་ཁུང་ཙི་སྡེ་ཚན་དེ་སྒོ་རྒྱག་རྒྱུ་ཡིན་པ་ཟླ་༡པོའི་ཚེས་༢༨ཉིན་ཕྱི་བསྒྲགས་བྱས་ཡོད།
དེ་ནི་ཨ་རིའི་པོར་ཊི་ལན་ཌི་(Portland)མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོའི་སློབ་ཕྲུག་དང་། སློབ་གྲྭའི་དགེ་ལས་རྣམས། སློབ་ཐོན་ཟིན་པའི་སློབ་ཕྲུག་རྙིང་པ་སོགས་དང་། པོར་ཊི་ལན་ཌི་(Portland)ནང་གནས་སྡོད་ས་གནས་བོད་མི་དང་། རྒྱ་རིགས་དང་ཐེ་ཝན་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ལས་འགུལ་སྤེལ་མཁན་བཅས་མཉམ་རུབ་ཀྱིས་༢༠༡༩ལོ་ནས་བཟུང་(Portland)མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་ཁུང་ཙི་སློབ་གཉེར་ཁང་ཟེར་བ་སྒོ་རྒྱག་དགོས་པའི་ཐད་ལ་ལས་འགུལ་སྤེལ་ནས། གཙུག་ལག་སློབ་གྲྭ་ཆེན་མོའི་གཙོ་འཛིན་དང་། སློབ་གྲྭའི་འཛིན་སྐྱོང་ཐོག་དབང་ཚད་ཡོད་མཁན་ལྷན་ཚོགས་བཅས་ལ་ཞུ་སྙན་ཕུལ་བ་མ་ཟད། (Portland)ནང་དུ་ཡོད་པའི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཡན་ལག་སྡེ་ཚན་ནས་(Portland)གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་ཁུང་ཙི་སློབ་གཉེར་ཁང་ཟེར་བ་སྒོ་རྒྱག་དགོས་པའི་འབོད་སྐུལ་ཞུ་བའི་ལས་འགུལ་གོ་སྒྲིག་གནང་སྟེ་ལས་འགུལ་དེའི་ནང་རྒྱབ་སྐྱོར་གྱི་ས་ཡིག་ཉིས་སྟོང་དྲུག་བརྒྱ་ལྷག་བསྡུ་རུབ་གནང་ཡོད་པ་རེད།
རེ་འབོད་ལས་འགུལ་དེ་དང་མཉམ་དུ་དྲིལ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་བྱས་པ་དང་། ཁུང་ཙི་སློབ་གཉེར་ཁང་ཟེར་བའི་སྐོར་གྱི་གློག་བརྙན་ཞིག་ཀྱང་བཏོན་ཡོད། བོད་རང་བཙན་སློབ་ཕྲུག་ཚོགས་པས་ཀྱང་(Portland)མངའ་སྡེའི་གཙུག་ལག་སློབ་གྲྭ་ཆེན་མོའི་འགན་འཛིན་ལྷན་ཚོགས་དང་ས་གནས་མང་ཚོགས་ཀྱི་ཚོགས་འདུ་ཚོགས་པའི་རིང་ངོ་རྒོལ་གྱི་ལས་འགུལ་གོ་སྒྲིག་གནང་ཡོད་པ་རེད།
པོར་ཊི་ལན་ཌི་(Portland)ས་གནས་ཀྱི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ལྷ་མཛེས་ཀྲུམ་ལགས་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པའི་སྤྱི་ཁྱབ་ངེས་སྟོན་པ་རྡོ་རྗེ་ཚེ་བརྟན་ལགས་རྣམ་གཉིས་ཀྱིས། གོང་ཞུས་ཨ་རིའི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་གི་ཁུང་ཙི་སློབ་གཉེར་ཁང་སྒོ་རྒྱག་རྒྱུའི་ཐག་གཅོད་དེ་བཞིན་ད་ཕན་ལོ་མང་རིང་ལས་འགུལ་སྤེལ་བའི་གྲུབ་འབྲས་དང་རྒྱལ་ཁ་ཞིག་ལ་ངོས་འཛིན་གནང་གི་འདུག
ཁུང་ཙི་སློབ་གཉེར་ཁང་ཟེར་བ་དེ་ནི་རྒྱ་ནག་གཞུང་གིས་རྒྱུ་གྲོན་གཏོང་བཞིན་བའི་རྒྱ་སྐད་སློབ་ཁྲིད་བྱེད་ཡུལ་ཞིག་ཡིན་ནའང་དོན་དུ་དེའི་དམིགས་ཡུལ་ནི་རྒྱ་ནག་གི་དབང་ཤུགས་རྒྱལ་སྤྱིའི་ཐོག་ཇེ་ཆེར་གཏོང་རྒྱུའི་ཆེད་དུ་དམིགས་པ་ཞིག་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།