རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཀྱི་གནད་དོན་གླེང་ཤུགས་ཇེ་ཆེ་རེད།
2017.05.04

རྒྱལ་སྤྱིའི་ཡུལ་གྲུ་གང་སར་ཡོད་པའི་རྒྱ་ནག་གི་ཁུང་ཙི་ལྟེ་གནས་ཁག་ཁུ་བསྡུ་བྱེད་དགོས་བའི་སྐོར་ལ་གླེང་སློང་ཤུགས་ཆེར་འགྲོ་བཞིན་འདུག
རྒྱལ་སྤྱིའི་ཡུལ་གྲུ་གང་སའི་མཐོ་རིམ་སློབ་གྲྭ་ཁག་ནང་རྒྱ་ནག་གཞུང་གིས་ཆེད་བཙུགས་བྱས་པའི་Confucius Institute འམ་ཁུང་ཙི་ལྟེ་གནས་ཞེས་པའི་རྒྱའི་རིག་གཞུང་དང་། སྐད་ཡིག་སློབ་ཁྲིད་ཀྱི་སྡེ་ཚན་ཡོངས་རྗོགས་ཁུ་བསྡུ་བྱ་དགོས་པའི་སྐོར་ལ་གླེང་སློང་ཇེ་མང་དུ་འགྲོ་བཞིན་འདུག
དེ་ཡང་(The Herald) ཞེས་(Scotland) ཉིན་རེའི་གསར་ཤོག་གི་གནས་ཚུལ་ནང་གསལ་ལྟར་ན། རྒྱ་ནག་གཞུང་གིས་མ་དངུལ་གྱི་འགྲོ་གྲོན་མཁོ་སྤྲོད་བྱས་ཏེ་ Scotland ནང་། ཁུང་ཙི་ལྟེ་གནས་ཞེས་པའི་རྒྱ་ནག་གི་རིག་གཞུང་དང་སྐད་ཡིག་སློབ་ཁྲིད་ཀྱི་སྡེ་ཚན་དུ་མ་བཙུགས་ཡོད་ཀྱང་། དེ་དག་ནི་ཕྱི་ཚུལ་ཤེས་ཡོན་སྤེལ་རེས་ཀྱི་མིང་ཐོག་ཙམ་ལས་དོན་དངོས་སུ་ཁུང་ཙི་ལྟེ་གནས་ཞེས་པ་དེ་རྒྱ་ནག་གཞུང་གི་རྒྱལ་སྤྱིའི་ཐོག་རྒྱ་ནག་གི་སྟོབས་ཤུགས་ཆེ་རུ་གཏོང་ཆེད་འཇམ་པོའི་ཐབས་ཇུས་ཀྱི་ཆབ་སྲིད་ལག་ཆ་ཞིག་ཡིན་པར་མང་པོས་སྐྱོན་འཛུགས་བྱེད་བཞིན་ཡོད་པ་གསལ་འདུག
གོང་གསལ་གསར་ཤོག་ཐོག་གནས་ཚུལ་བཀོད་དོན་ལྟར་ན། ཉེ་ལམ་ཨ་རིའི་ནང་རྟེན་གཞི་བྱས་པའི་NAS འམ་ཨ་རིའི་རྒྱལ་ཡོངས་ཤེས་ལྡན་མི་སྣའི་མཐུན་ཚོགས་ཀྱིས། རྒྱ་ནག་གཞུང་གི་བཀོད་བསྔགས་འོག་ཁུང་ཙི་ལྟེ་གནས་ཞེས་པ་དེ་དག་གི་ལས་དོན་གཙོ་བོ་ནི། རྒྱ་ནག་ལ་ལྟ་སྟངས་བཟང་དུ་གཏོང་ཐབས་དང་ཆབས་ཅིག་རྒྱ་ནག་ལ་ཕོག་ཐུག་གི་གནད་དོན་འགོག་ཐབས་བྱེད་བཞིན་པ་གསལ་འདོན་བྱས་ཏེ་རྒྱལ་སྤྱིའི་མཐོ་རིམ་སློབ་གྲྭ་ཁག་ནས་ཁུང་ཙི་ལྟེ་གནས་ཁུ་བསྡུ་བྱ་དགོས་པའི་སྐོར་སྙན་ཐོ་འདོན་སྤེལ་བྱས་པའི་རྗེས་ Scotland ནང་ཁུང་ཙི་ལྟེ་གནས་མཚམས་འཇོག་དགོས་པའི་འབོད་སྒྲ་ཆེ་རུ་སོང་ཡོད་པ་བརྗོད་འདུག
(Scotland) གྲོས་ཚོགས་ཀྱི་འཐུས་མི་དང་ཤེས་ཡོན་དང་འབྲེལ་བའི་ལྗང་ཁུ་ཚོགས་པའི་མགྲིན་ཚབ་པ་Ross Greer མཆོག་གིས། ཁུང་ཙི་ལྟེ་གནས་ཀྱི་བྱེད་ལས་སྐོར་གོང་གསལ་ཨ་རིའི་སྙན་ཐོ་འདི་བཞིན་བློ་འཚབ་སྐྱེ་དགོས་པའི་གནད་དོན་ཞིག་དང་། ཁོང་སྐུ་ཉིད་ནས་ Scotland གྱི་མཐོ་རིམ་སློབ་གྲྭ་ཁག་ལ་ཁུང་ཙིའི་ལས་དོན་སྐོར་འདྲི་རྩད་གནང་རྒྱུ་ཡིན་པ་གསུངས་འདུག་པ་མ་ཟད། རང་དབང་ལྡན་པའི་སྤྱི་ཚོགས་ནང་། ཤེས་ཡོན་སློབ་གསོའི་རང་དབང་ནི་རྨང་གཞིའི་ཆ་རྐྱེན་ཞིག་ཡིན་པ་རེད་ཅེས་དང་། ། ཡིན་ནའང་། འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་དང་། སྨྲ་བརྗོད་རང་དབང་ལ་རྩིས་མེད་གཏོང་མཁན་རྒྱལ་ཁབ་དགའ་ཤས་ནང་། ཤེས་ཡོན་གྱི་ལས་དོན་ཡོངས་རྗོགས་གཞུང་ཕྱོགས་ཀྱི་འདོད་ཚུལ་དང་མཚུངས་པའི་བཀོད་བསྡོམས་བྱེད་ཀྱི་ཡོད་པ་གསུངས་སྟེ་ Scotland གཙོས་པའི་རྒྱལ་སྤྱིའི་མཐོ་རིམ་སློབ་གྲྭའི་ནང་། ཞིབ་འཇུག་གང་ཡང་མེད་པར་རྒྱ་ནག་གི་ཁུང་ཙི་ལྟེ་གནས་བཙུགས་བཞིན་ཡོད་པ་དེ་ནི་བློ་ཡུལ་ལས་འདས་པའི་ཚབས་ཆེན་གྱི་གནད་དོན་ཞིག་ཡིན་པ་ནན་བརྗོད་གནང་འདུག
དབྱིན་ཡུལ་གྱི་མཐོ་རིམ་སློབ་ཆེན་ཞིག་གི་སློབ་དཔོན་ནས་ཨ་རིའི་ཤེས་ལྡན་མི་སྣའི་མཐུན་ཚོགས་ལ། ཁུང་ཙི་ལྟེ་གནས་ཁང་བཟང་ངན་དབྱེ་མཚམས་གཅོད་རྒྱུ་ནི། ལྟེ་གནས་ཁང་དེས་བོད་ཀྱི་གནད་དོན་ཐད་བགྲོ་གླེང་བྱེད་ཆོག་དང་མི་ཆོག་པའི་བལྟ་སྟངས་ལ་རག་ལུས་པ་ཞིག་ཡིན་པ་གསུངས་འདུག།
གསར་འགོད་པ་དོན་གྲུབ་རྣམ་རྒྱལ།