རྒྱ་བལ་འབྲུག་གསུམ་ནང་ད་བར་བོད་མི་ཉིས་སྟོང་ལྷག་ལ་རིམས་ནད་ཕོག་པ་དང་ལྔ་བཅུ་འདས་གྲོངས་སུ་ཕྱིན་འདུག

2021-04-22
Share
རྒྱ་བལ་འབྲུག་གསུམ་ནང་ད་བར་བོད་མི་ཉིས་སྟོང་ལྷག་ལ་རིམས་ནད་ཕོག་པ་དང་ལྔ་བཅུ་འདས་གྲོངས་སུ་ཕྱིན་འདུག རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཏོག་དབྱིབས་རིམས་ནད་ཀྱི་རྐྱེན་མི་མང་པོ་གྲོངས་ནས་ཕུང་པོ་སྲེག་བཞིན་པ། ༤།༢༡།༢༡
Reuters

རྒྱ་བལ་འབྲུག་གསུམ་ནང་ད་བར་བཙན་བྱོལ་བོད་མི་ཉིས་སྟོང་བརྒྱ་དང་སུམ་ཅུ་ལྷག་ལ་ཏོག་དབྱིབས་རིམས་ནད་འགོས་ཁྱབ་བྱུང་བའི་ཁྲོད་མི་གྲངས་ལྔ་བཅུ་འདས་གྲོངས་སུ་ཕྱིན་འདུག
འདི་ཚེས་༢༢ཉིན་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་ལས་ཁུངས་ཀྱི་ངོས་ནས། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཀོ་ཝིཌ་༡༩ཏོག་དབྱིབས་རིམས་ནད་སྔོན་འགོག་ལས་དོན་ཚོགས་ཆུང་གི་འཆར་ཅན་གསར་འགོད་གསལ་བསྒྲགས་སྐབས། འཕྲོད་བསྟེན་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས། ད་ལྟའི་སྐབས་སུ་རྒྱ་གར་གྱི་མངའ་སྡེ་ཁག་བཅུའི་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་གྱི་གནས་སྟངས་ཡང་བསྐྱར་ཛ་དྲག་ཇེ་ཆེར་སོང་བ་དང་མཉམ། རྒྱ་གར་ནང་བོད་མི་གནས་སྡོད་བྱེད་ཡུལ་བཞུགས་སྒར་རྡ་རམ་སཱ་ལ་དང་། ཝ་ར་ཎ་སི། ལྡེ་ར་ལྡུན། ཧོན་སུར། ཨོ་རིས་ས་བཅས་གཞིས་ཆགས་ཁག་ལྔ་ཡི་ནང་དུ་ནད་ཡམས་འགོས་ཁྱབ་ཀྱི་གནས་སྟངས་སྡུག་པོ་ཡོད་པ་དང་། འཕྲོད་བསྟེན་ལས་ཁུངས་ལ་འབྱོར་བའི་གྲངས་ཐོ་གཞིགས་བཟུང་བྱས་ན། ནད་ཡམས་ཁྱབ་གདལ་བྱུང་བ་ནས་ད་བར་འདི་ཚེས་༢༢བར་རྒྱ་བལ་འབྲུག་གསུམ་ནང་བོད་མི་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་༢༡༣༢་ཐོན་པའི་ཁྲོད་ནས་བོད་མི་༥༠་ཙམ་འདས་གྲོངས་སུ་ཕྱིན་པ་དང་། ད་ལྟར་རིམས་ནད་ཀྱིས་མནར་བཞིན་པའི་ནད་པ་མི་གྲངས་༣༩༠་ཡོད་པ་འགྲེལ་བརྗོད་གནང་བ་དང་མཉམ། ནད་པ་དང་འདས་གྲོངས་ཟིན་པའི་གྲངས་ཐོ་དེ་ནི་འཕྲོད་བསྟེན་ལས་ཁུངས་ལ་དངོས་སུ་འབྱོར་བའི་གྲངས་ཐོ་ཙམ་ཡིན་པ་ལས་དེ་མིན་གྱི་ནད་པ་དང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་ཡོད་སྲིད་པ་དང་། གནས་སྟངས་སྡུག་པོ་ཡོད་པའི་ས་གནས་དེ་དག་ལ་བོད་མི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ངོས་ནས་གང་ཐུབ་རོགས་རམ་བྱེད་བཞིན་པ་གསུངས་འདུག
དེ་བཞིན་སྔོན་འགོག་ཐབས་ལམ་ཐད་གསུངས་སྐབས། འཕྲོད་བསྟེན་དྲུང་ཆེ་མཆོག་གིས། བོད་མི་སྒྲིག་འཛུགས་ཀྱི་ངོས་ནས་གཞུང་འབྲེལ་ཕྱོགས་བསྐྱོད་མི་གནང་རྒྱུའི་མཚོན་པས། ཚོགས་འདུ་དང་ཟབ་སྦྱོང་། སྤྲོ་སྐྱིད། འདུ་འཛོམས། འགྲུལ་བཞུད་རིགས་མི་གནང་རྒྱུའི་འབོད་སྐུལ་དང་མཉམ། ཚང་མ་སོ་སོའི་ནང་དུ་བསྡད་ནས་སྤྱི་ཚོགས་རྒྱང་བཀྱེད་དང་། ཁ་རས་གྱོན་པ། ལག་པ་བཀྲུ་བ་སོགས་རང་དོན་རང་གཅེས་བྱས་ན་ཚང་མར་ཕན་པ་ཡོད་པའི་ལམ་སྟོན་གནང་ཡོད་པ་རེད།
རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་དུ་ནད་ཡམས་ཁྱབ་གདལ་གྱི་གནས་སྟངས་ཛ་དྲག་ཆགས་ནས། བོད་མི་དང་རྒྱ་གར་ཡུལ་མི་ཏོགས་དབྱིབས་རིམས་ནད་འགོས་ཡོད་པ་ཚོར་ཉལ་ཁྲི་དང་། སྲོག་འཛིན་རླུང་(Oxygen)་མི་རག་པའི་དཀའ་ངལ་འཕྲད་པ་མ་ཟད་། རིམས་ནད་ཕོག་པ་མ་ཡིན་པའི་སྤྱིར་བཏང་གི་ནད་པ་ཛ་དྲག་ཅན་རྣམས་སྨན་ཁང་ཁག་ཏུ་བསྟེན་གཏུག་བྱེད་ས་མི་རག་པའི་དཀའ་ངལ་འཕྲད་བཞིན་པ་དང་། ད་ལྟའི་ཆར་ལྡི་ལི་ཁུལ་དུ་བོད་མི་ཏོག་དབྱིབས་རིམས་ནད་ཕོག་ཡོད་པའི་ནད་པ་༣༠ཙམ་ཡོད་པ་ཚང་མ་སོ་སོའི་ཁྱིམ་དུ་བོད་ལུགས་དང་ཕྱི་ལུགས་ཟུང་འབྲེལ་གྱིས་སྨན་སོགས་ལ་བསྟེན་ནས་ཟུར་བཀག་ངང་བསྡད་ཡོད་པ། ལྡི་ལི་བོད་སྒར་བསམ་ཡས་གླིང་དུ་ཡོད་པའི་བོད་ཀྱི་འབྲས་ནད་སྔོན་འགོག་ཚོགས་པའི་འགན་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད།

ནད་ཡམས་ཁྱབ་གདལ་བྱུང་བ་ནས་ཕྱི་ཟླ་༤བའི་ཚེས་༢༢ཉིན་གྱི་དགོང་མོ་བར། རྒྱ་གར་རྒྱལ་ཡོངས་ནང་ཏོག་དབྱིབས་རིམས་ནད་ཕོག་པའི་ནད་པའི་གྲངས་འབོར་ས་ཡ་བཅུ་དྲུག་བརྒལ་བ་དང་། ལྷག་པར་ཚེས་༢༢་ཉིན་གཅིག་གི་རིང་། རྒྱ་གར་རྒྱལ་ཡོངས་ནང་ནད་པ་འབུམ་གསུམ་དང་ཆིག་ཁྲི་ལྷག་ཙམ་ཐོན་ཡོད་པར་བརྟེན། གྲངས་ཚད་དེ་རྒྱ་གར་ཙམ་དུ་མ་ཟད། འཛམ་གླིང་ཁྱོན་དུ་ཉིན་གཅིག་གི་ནང་ནད་དུག་ཕོག་པའི་གྲངས་འབོར་མང་ཤོས་དེ་ཆགས་ཡོད་པ་དང་། རྒྱལ་ས་ལྡི་ལི་ནང་ནད་པ་འབུམ་དགུ་ལྷག་ཙམ་དང་། ལྷག་པར་དུ་ཉིན་གཅིག་གི་རིང་ནད་པ་ཉིས་ཁྲི་བཞི་སྟོང་ལྷག་ཙམ་བྱུང་ཡོད་པ་རེད་འདུག
སྤྱི་ལོ་༢༠༡༩ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༢༢ བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་144851907་བྱུང་བའི་ཁྲོད། མི་གྲངས་3074167་རྐྱེན་འདས་སུ་ཕྱིན་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།