ཏོག་དབྱིབས་རིམས་ནད་བྱུང་སྟངས་ཞིབ་འཇུག་བྱེད་པར་རྒྱ་ནག་གཞུང་གིས་མཐུན་འགྱུར་དང་ཕྱི་གསལ་ནང་གསལ་བཟོ་དགོས་བའི་འབོད་སྐུལ།

2021-07-16
Share
ཏོག་དབྱིབས་རིམས་ནད་བྱུང་སྟངས་ཞིབ་འཇུག་བྱེད་པར་རྒྱ་ནག་གཞུང་གིས་མཐུན་འགྱུར་དང་ཕྱི་གསལ་ནང་གསལ་བཟོ་དགོས་བའི་འབོད་སྐུལ། ཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གཙོ་འཛིན་(Tedros Adhanom Ghebreyesus)་ལགས།
WHO / AFP

ཏོག་དབྱིབས་རིམས་ནད་ཀྱི་འབྱུང་ཁུངས་དང་བྱུང་སྟངས་ཞིབ་འཇུག་རིམ་པ་གཉིས་པ་བྱེད་པར་རྒྱ་ནག་གཞུང་གིས་མཐུན་འགྱུར་དང་ཕྱི་གསལ་ནང་གསལ་བཟོ་དགོས་བ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་འབོད་སྐུལ་བྱས་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གཙོ་འཛིན་(Tedros)་ལགས་ཀྱིས་ཀོ་ཝིཌ༡༩་ཏོག་དབྱིབས་རིམས་ནད་ཀྱི་ཐོག་མའི་འབྱུང་ཁུངས་དང་བྱུང་སྟངས་སྒྲིག་འཛུགས་ཀྱི་ངོས་ནས་ཞིབ་འཇུག་རིམ་པ་གཉིས་བྱེད་བཞིན་པར། རྒྱ་ནག་ངོས་ནས་མཉམ་ལས་དང་མཐུན་འགྱུར་ཡག་པོ་བྱེད་དགོས་པ་དང་། ཕྱི་གསལ་ནང་གསལ། དེ་བཞིན་དཔྱད་ཞིབ་པ་ཚོར་རང་དབང་གི་སྒོ་ནས་ཞིབ་འཇུག་ཆ་ཚང་བ་བྱེད་རྒྱུའི་མཐུན་རྐྱེན་སྦྱོར་དགོས་པའི་འབོད་སྐུལ་ནན་པོ་གནང་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་ཀོ་ཝིཌ༡༩་ཏོག་དབྱིབས་རིམས་ནད་དེ་ཐོག་མར་བྱུང་སྟངས་སྐོར་དཔྱད་ཞིབ་ཐེངས་དང་པོ་བྱས་བ་འདི་ལོའི་ཕྱི་ཟླ་གཉིས་པའི་ནང་མཇུག་སྒྲིལ་ཡོད་པ་དང་། རིམས་ནད་དེ་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནང་གི་རྫས་འགྱུར་བརྟག་དཔྱད་ཁང་ནས་བྱུང་བ་མ་ཡིན་པར་བྱ་མ་བྱི་ཕ་ཝང་ནས་བྱུང་ལུགས་མཇུག་བསྡོམས་བྱས་ཡོད་པ་རེད།
འདི་ཚེས་༡༥་ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གཙོ་འཛིན་(Tedros Adhanom Ghebreyesus)་ལགས་ཀྱིས། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ལ་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་འགྲོ་འགོ་མ་བཙུགས་གོང་ཙམ་གྱི་བཟོ་བཅོས་མ་བྱས་པའི་ནད་པའི་མིང་ཐོ་རེའུ་མིག་ཁག་དགོས་བས་རྒྱ་ནག་གཞུང་གིས་དེ་ལ་ལྟ་ཞིབ་བྱེད་དུ་འཇུག་དགོས་ཅེས་དང་། གཙོ་འཛིན་ཁོང་རང་ཡང་ཆེད་ལས་སྨན་པའི་ཞིབ་འཇུག་གི་ལས་ཀ་བྱས་མྱོང་བའི་ཉམས་མྱོང་ལས་ནད་འབུ་རྟག་དཔྱད་ཁང་ནང་གློ་བུར་དུ་རྐྱེན་ངན་དོན་རྐྱེན་དེ་འདྲ་ཡོང་སྲིད་པས། རྒྱ་ནག་གི་ཝུའུ་ཧན་གྱི་རྟག་དཔྱད་ཁང་ནང་གནས་ཚུལ་ཇི་བྱུང་གསལ་པོ་བཟོ་དགོས་བ་སོགས་སུད་སིའི་གྲོང་ཁྱེར་ཇི་ནི་ཝའི་ནང་གསུངས་འདུག
དེ་སྔོན་ཞིབ་འཇུག་ཐེངས་དང་པོ་དེ་བྱེད་སྐབས། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་མ་ཕྱིན་གོང་ཙམ་གྱི་ནད་པའི་སྐོར་འཛམ་གླིང་འཕྲོད་བསྟེན་ལྷན་ཁང་དང་མཉམ་སྤྱོད་མ་བྱས་བར་བསྟན་མེད་པས། ད་རེས་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་གཙོ་འཛིན་(Tedros)་ལགས་ཀྱིས་གོང་ཞུས་གཏམ་བཤད་གནང་བ་དེ་ནི་ཏོག་དབྱིབས་རིམས་ནད་དེ་ཐོག་མར་རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནང་ཡོད་པའི་རྟག་དཔྱད་ཁང་ནས་ཤོར་བའི་འདོད་ཚུལ་ལ་བསམ་ཞིབ་བམ་ཡིད་ཆེས་གནང་གི་ཡོད་པའི་མངོན་རྟགས་ཤུགས་ཆེ་ཤོས་དེ་ཡིན་སྐོར་བྷི་བྷི་སི་(BBC)་གསར་ལས་ཁང་གིས་གནས་ཚུལ་སྤེལ་འདུག

གསར་འགོད་པ། སེང་གེ་རི་བསོད་ནམས་ལྷ་མོ།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། སྐལ་ལྡན་བློ་གྲོས།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།