རྒྱ་ནག་ནང་སླར་ཡང་ཏོག་དབྱིབས་ནད་ཡམས་ཐོན་བཞིན་པར་བརྟེན་གྲོང་ཁྱེར་ཉི་ཤུ་ལྷག་གི་ནང་འགྲུལ་བཞུད་བཀག་སྡོམ་བྱས་འདུག

2021-08-03
Share
རྒྱ་ནག་ནང་སླར་ཡང་ཏོག་དབྱིབས་ནད་ཡམས་ཐོན་བཞིན་པར་བརྟེན་གྲོང་ཁྱེར་ཉི་ཤུ་ལྷག་གི་ནང་འགྲུལ་བཞུད་བཀག་སྡོམ་བྱས་འདུག རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནང་ཏོག་དབྱིབས་ནད་ཡམས་བརྟག་དཔྱད་བྱེད་བཞིན་པ། ༨།༣།༢༡
AFP

རྒྱ་ནག་ནང་སླར་ཡང་ཀོ་ཝིཌ༡༩་ཏོག་དབྱིབས་རིམས་ནད་(Covid-19)་ཁྱབ་གདལ་བྱུང་བཞིན་པའི་གནས་ཚུལ་ཐོན་རྗེས་ཝུའུ་ཧན་གྲོང་ཁྱེར་གྱི་ཡུལ་མི་ཡོངས་རྫོགས་ལ་ནད་ཡམས་ཡོད་མེད་བརྟག་དཔྱད་བྱེད་དགོས་བའི་བཀའ་བཏང་འདུག
དེ་སྔ་སྤྱི་ལོ་༢༠༡༩་ལོའི་མཇུག་དུ་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་ཀོ་ཝིཌ༡༩་ཏོག་དབྱིབས་རིམས་ནད་(Covid-19)་ཐོག་མར་ཁྱབ་གདལ་བྱུང་བའི་གནས་ཚུལ་རྗེས། ཉེ་ལམ་སླར་ཡང་རྒྱ་ནག་ནང་ཏོག་དབྱིབས་ནད་ཡམས་ཐོན་པའི་གནས་ཚུལ་བྱུང་ཡོད་པར་བརྟེན་རྒྱ་ནག་གཞུང་གིས་ཝུའུ་ཧན་གྲོང་ཁྱེར་གྱི་གྲོང་མི་ཚང་མར་ནད་ཡམས་དེ་འགོས་ཡོད་མེད་བརྟག་དཔྱད་བྱ་དགོས་པའི་བཀའ་རྒྱ་བཏང་ཡོད་པ་རེད་འདུག
རྒྱ་ནག་ནང་ཟླ་བ་གཅིག་ལྷག་གི་གོང་(Delta)་ཞེས་རྣམ་པ་འགྱུར་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བྱུང་བའི་རྗེས། ད་ཆ་རྒྱ་ནག་གི་ས་ཁུལ་མང་པོའི་ནང་འགྲུལ་བསྐྱོད་བཀག་སྡོམ་དང་ནད་ཡམས་དེ་འགོས་ཡོད་མེད་བརྟག་དཔྱད་དགོས་བའི་བཀའ་བཏང་ནས་སྔོན་འགོག་གི་སྨན་ཁབ་རྒྱག་པ་སོགས་ཀྱི་ལས་འགུལ་ཤུགས་ཆེ་ཞིག་སྤེལ་བཞིན་ཡོད་པ་རེད་འདུག
དེ་ནི་སྤྱི་ཟླ་བདུན་པའི་ནང་རྒྱ་ནག་གི་ཅང་སུའུ་ཞིང་ཆེན་གྱི་ནན་ཅིང་གནམ་ཐང་ནས་མི་གྲངས་༤༠༠་ཙམ་ལ་ཏོག་དབྱིབས་རིམས་ནད་ཀྱི་ནད་རྟགས་ཐོན་པའི་རྗེས། ཉེ་ཁུལ་གྱི་གྲོང་ཁྱེར་༢༠་ཙམ་གྱི་ནང་འགྲུལ་བཞུད་བཀག་སྡོམ་བྱས་པ་དང་། ནད་ཡམས་བརྟག་དཔྱད་ཀྱི་ལས་འགུལ་ཤུགས་ཆེ་སྤེལ་ཡོད་པ་རེད་འདུག

dbbb3abf-2348-4e2d-bacd-eacbedf6fe00.jpeg
ཧུའུ་ནན་ཞིང་ཆེན་གྱི་ཀྲང་ཅཱ་ཇའེ་ཞེས་པའི་ཚོགས་ཁང་ཆེན་པོ་ཞིག་གི་ནང་ལྟད་མོ་ལྟ་མཁན་ལྔ་སྟོང་ལྷག་འཛོམས་འདུས་བྱས་ཡོད་པ་དེ་ནས་ནད་ཡམས་དེ་འགོས་ཁྱབ་ཕྱིན་ཡོད་པའི་གནས་ཚུལ་ཤེས་རྗེས། ནད་ཡམས་བརྟག་དཔྱད་དང་སྔོན་འགོག་བྱེད་ཐབས་བྱེད་བཞིན་པ་དང་། རྒྱལ་ས་པེ་ཅིང་སོགས་ཡུལ་བསྐོར་སྤྲོ་འཆམ་པ་མང་པོ་བསྐྱོད་ཡུལ་དུ་ནད་ཡམས་སྔོན་འགོག་གི་ལས་དོན་སྤེལ་བཞིན་ཡོད་པ་རེད་འདུག
ཝུའུ་ཧྭན་གྲོང་ཁྱེར་གྱི་མཐོ་རིམ་འགོ་ཁྲིད་ལི་ཐའོ་ཡིས་བརྗོད་པར། ད་ཆ་ཝུའུ་ཧྭན་གྲོང་ཁྱེར་ནང་མི་གྲངས་ས་ཡ་༡༡་ཡོད་པ་ཚང་མར་ནད་ཡམས་དེ་ཡོད་མེད་བརྟག་དཔྱད་བྱེད་བཞིན་ཡོད་ལུགས་བརྗོད་འདུག
སྤྱི་ཟླ་༧་ཚེས་༣༡་ཉིན། དཀར་མཛེས་ཁུལ་གྱི་འབྲེལ་ཡོད་ཚན་པས་ཏོག་དབྱིབས་ནད་ཡམས་སྔོན་འགོག་དང་འབྲེལ་བའི་དོན་ཚན་༡༥་ཡོད་པའི་བརྡ་ཁྱབ་ཞིག་བཏང་ཡོད་པའི་ནང་། ཕྱི་རྒྱལ་ནས་ཡོང་མཁན་གྱི་མི་སྣ་ཚོར་གཏན་འབེབས་ལྟར་བདེ་ཐང་དོ་དམ་བྱ་ཐབས་ལག་བསྟར་བྱེད་དགོས་བ་དང་། ནད་ཡམས་ཀྱི་ཉེན་ཁ་ཡོད་སའི་ས་ཁུལ་དུ་འགྲུལ་སྡོད་བྱས་མྱོང་བ་ཚོས་ས་གནས་ཀྱི་རིམས་ནད་འགོག་ཟོན་སྡེ་ཚན་ལ་སྙན་སེང་ཞུ་དགོས་བ། མི་མང་འཛོམས་ས་དང་འགྲུལ་བཞུད་སྐབས་ཁ་རས་གྱོན་དགོས་བ། ཁུལ་ཡོངས་ཀྱི་ཁྱབ་ཁོངས་མང་ཚོགས་ཚོས། དགའ་སྟོན་འདུ་འཛོམས་དང་། ཆོས་ལུགས་བྱེད་སྒོ དམངས་སྲོལ་བྱེད་སྒོ། འགྲེམས་སྟོན་དང་འགྲེམས་འཚོང་བཅས་ཀྱི་བྱེད་སྒོ་གནས་སྐབས་མཚམས་འཇོག་བྱ་དགོས། ཁྱིམ་ཚང་གི་གསོལ་སྟོན་ལ་མི་༡༠་ལས་མི་བརྒལ་བ། གཉེན་སྟོན་ཕྱིར་འགྱངས་དང་། འདས་མཆོད་སྟབས་བདེར་བཟོ་དགོས་བ་བཅས་ཀྱི་བརྡ་ཁྱབ་བཏང་ནས་སྤྱི་བསྒྲགས་དེ་དེ་མ་ཐག་ལག་བསྟར་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། འདི་ཚེས་༣་བར་འཛམ་གླིང་གི་རྒྱལ་ཁབ་དང་། ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ནད་ཡམས་དེ་ཁྱབ་གདལ་ཕྱིན་ནས། ད་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་བརྒྱ་དང་དགུ་ཅུ་གོ་བརྒྱད་དང་འབུམ་གཉིས་བརྒལ་ཡོད་པའི་ཁྲོད། མི་གྲངས་ས་ཡ་བཞི་དང་ཉིས་འབུམ་ཉིས་ཁྲི་ལྷག་རྐྱེན་འདས་སུ་ཕྱིན་འདུག

གསར་འགོད་པ། ཕྲ་རིང་བསྟན་ནོར།
རྩོམ་སྒྲིག་པ། རིག་ལྡན་སྒྲོལ་མ།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།