གསེར་རྟ་བླ་རུང་སྒར་སྲུང་སྐྱོབ་ཆེད་ཛ་དྲག་གི་ལས་དོན་སྤེལ་དགོས།


2016.12.05
བཀའ་སྤྱི་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་གནང་སྐབས། ༢༠༡༦།༡༢།༥ བཀའ་སྤྱི་གཉིས་ཀྱིས་གསར་འགོད་གསལ་བསྒྲགས་གནང་སྐབས། ༢༠༡༦།༡༢།༥
སངས་རྒྱས་རྡོ་རྗེ།/RFA

བོད་མིའི་སྒྲིག་འཛུགས་ཀྱི་འཛིན་སྐྱོང་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱིས་རྒྱ་ནག་གཞུང་གིས་གསེར་རྟ་བླ་རུང་ཆོས་སྒར་གཏོར་བཤིག་གཏོང་བཞིན་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ནས་སྲུང་སྐྱོབ་ཆེད་ཛ་དྲག་གི་ལས་དོན་སྤེལ་དགོས་འབོད་སྐུལ་གནང་འདུག
དེ་ཡང་འདི་ཚེས་༥་ཉིན་བཞུགས་སྒར་རྡ་སའི་གངས་སྐྱིད་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་གསར་འགོད་ལྷན་ཚོགས་ཚོགས་སྐབས། སྲིད་སྐྱོང་བློ་བཟང་སེངྒེ་མཆོག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་རྣམ་གཉིས་ཀྱིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐབ་ལྷན་ཁང་ལ། རྒྱ་ནག་གཞུང་གིས་བོད་ནང་གི་ནང་ཆོས་ལྟེ་གནས་ཆེ་ཤོས་བླ་རུང་སྒར་ནང་བསྟན་སློབ་གླིང་བཙན་དབང་གིས་གཏོར་བཤིག་གཏོང་བཞིན་པ་སྲུང་སྐྱོབ་ཆེད་འཕྲལ་དུ་ལས་དོན་སྤེལ་དགོས་པ་དང་། འཆར་ལོའི་ཕྱི་ཟླ་༣་པའི་ནང་སུད་སིའི་གྲོང་ཁྱེར་ཇི་ནི་ཝར་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་༣༤་པའི་ཐོག་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་ཛ་དྲག་གནས་སྟངས་གླེང་སློང་དགོས་པའི་འབོད་སྐུལ་གནང་འདུག
སྐབས་དེར་རྒྱ་ནག་གཞུང་གིས་བླ་རུང་སྒར་གྱི་གྲ་ཤག་སོགས་གཏོར་ཤིག་བཏང་དང་གཏོང་བཞིན་པ་དང་། གྲ་བཙུན་མང་པོ་ཕྱིར་འབུད་གཏོང་བཞིན་པ་སོགས་བཏོན་གནང་ནས་བླ་རུང་སྒར་ལ་གདུང་སེམས་མཉམ་སྐྱེད་ཡོད་སྐོར་དུས་ཡུན་སྐར་མ་བདུན་ཅན་གྱི་བརྙན་འཕྲིན་ཞིག་ཀྱང་བཏོན་གནང་འདུག་ལ་ཡང་འདི་ཟླའི་ཚེས་༡༠་ཉིན་བླ་རུང་སྒར་ལ་གདུང་སེམས་མཉམ་སྐྱེའི་མཆོད་འབུལ་སྨོན་ལམ་ཞུ་རྒྱུའི་སྐོར་གསལ་བསྒྲགས་ཤིག་སྤེལ་གནང་འདུག
སྲིད་སྐྱོང་བློ་བཟང་སེངྒེ་མཆོག་གིས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་ནང་གྲ་བཙུན་ཆིག་ཁྲི་བརྒལ་བ་ཡོད་པ་ཉུང་འཕྲི་བྱེད་འཆར་ཁག་འཆར་གཞི་ལྡན་པའི་ཐོག་འདི་ལོའི་ཕྱི་ཟླ་༧་ཚེས་ནས་འགོ་བཙུགས་ཏེ་རྒྱ་གཞུང་གི་དབང་འཛིན་པ་ཚོས་གྲ་ཤག་གཏོར་བཤིག་དང་། གྲ་བཙུན་རྣམས་བཙན་དབང་གིས་ཕྱིར་འབུད་གཏོང་བཞིན་པ་དང་། ཕྱི་ལོ་༢༠༡༧་ལོའི་ཕྱི་ཟླ་༩་བར་གྲ་བཙུན་༥༠༠༠་བར་ཉུང་འཕྲི་བྱ་གཏན་འཁེལ་སྟབས་བོད་མིའི་སྒྲིག་འཛུགས་ཀྱི་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཐུན་མོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་ནས་བླ་རུང་སྒར་སྲུང་སྐྱོབ་བྱ་རྒྱུའི་ཐུགས་འཁུར་བཞེས་དགོས་པའི་འབོད་སྐུལ་གནང་འདུག
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གསེར་རྟ་ལྔ་རིག་ནང་བསྟན་སློབ་གླིང་དེ་ནི་བོད་བརྒྱུད་ནང་བསྟན་གྱི་སློབ་གཉེར་གནང་ཡུལ་ལྟེ་གནས་གལ་ཆེན་ཞིག་ཙམ་མ་ཟད། བོད་ཀྱི་སྐད་ཡིག་དང་ལེགས་བྱང་། ཆོས་རིག་སྲུང་སྐྱོབ་བྱེད་སའི་རྒྱལ་སྤྱིའི་ལྟེ་གནས་ཤིག་ཀྱང་ཡིན་པར་སོང་དེ་སྲུང་སྐྱོབ་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེན་པོ་ཡིན་སྐོར་གསུངས་འདུག།

གསར་འགོད་པ་སེང་གེ་རི་བསོད་ནམས་ལྷ་མོ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
དཔལ་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་དང་འབྲུག་གི་རྒྱལ་བོ་དང་། བཙུན་མོ་རྣམ་གཉིས་མཇལ་འཕྲད་གནང་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ལོ་ངོ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་པའི་ཨ་ཚོགས་དགོན་གྱི་རིག་དངོས་རྩིས་མེད་ཀྱིས་གནས་སྤོར་བྱེད་བཞིན་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎