བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩིས་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལྷག་པ་རྒྱལ་མཚན་ལགས་འདས་གྲོངས་སུ་གྱུར་བ།
ཟླ་ ༢ ཚེས་ ༢ ཉིན། བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་ཁྱབ་རྩི་ཞིབ་ལས་ཁང་གི་རྩིས་ཞིབ་སྤྱི་ཁྱབ་པ་ལྷག་པ་རྒྱལ་མཚན་ལགས་དགུང་ལོ་ ༦༣ ཐོག་འདས་གྲོངས་སུ་གྱུར་བར། འདི་ཚེས་ ༣ ཉིན་བོད་མི་སྒྲིག་འཛུགས་ཀྱི་སྲི་ཞུའི་ལས་བྱེད་ ༢༥༠ ལྷག་ནས། དམ་པ་ཁོང་གི་ཚེ་རབས་ཕྲེང་བར་བྱས་བསགས་སྡིག་སྒྲིབ་བྱང་ཞིང་དག་ནས་མངོན་མཐོ་ངེས་ལེགས་ཀྱི་གོ་འཕང་མགྱོགས་མྱུར་ཐོབ་ཆེད། ཉིན་གུང་ཆུ་ཚོད་ ༡༢ ཐོག་སྲིད་སྐྱོང་ཚོགས་ཁང་དུ་མཆོད་འབུལ་སྨོན་ལམ་འཚོགས་ཡོད་པ་དང་། དེ་རྗེས་གཞུང་འབྲེལ་མྱ་ངན་གུས་འདུད་མཚོན་ཆེད་བོད་མིའི་སྒྲིག་འཛུགས་ཀྱི་དབུས་ཀྱི་ལས་ཁུངས་ཁག་ལས་མཚམས་བཞག་འདུག

མཆོད་འབུལ་སྨོན་ལམ་སྐབས་བཀའ་དྲུང་སྦྲ་གཉིས་ཚེ་རྒྱལ་ལགས་ཀྱིས་དམ་པ་ཁོང་གི་མི་ཚེའི་ལོ་རྒྱུས་དང་བོད་མིའི་སྒྲིག་འཛུགས་ནང་ཕྱག་ལས་ཀྱི་བརྒྱུད་རིམ་སོགས་འགྲེལ་བརྗོད་གནང་རྗེས་མཆོད་འབུལ་སྨོན་ལམ་དབུ་འཛུགས་གནང་སོང་། ཚེ་འདས་ལྷག་པ་རྒྱལ་མཚན་ལགས་ཕྱི་ལོ་ ༢༠༢༤ ལོའི་ཕྱི་ཟླ་ ༨ པའི་ཚེས་ ༢༦ ཉིན་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༦༢ པའི་ཐོག་ངོ་ཡོད་སྤྱི་འཐུས་རྒྱུན་ལས་ ༡༠ ནས་རྒྱུན་ལས་ཚོགས་ཁང་ནང་གསང་བའི་འོས་ཤོག་འཕངས་ཏེ། སྤྱི་འཐུས་རྒྱུན་ལས་ཀྱི་རྩ་འབོར་གསུམ་ཆ་གཉིས་ཡན་གྱི་མོས་མཐུན་ཐོག་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པར་བསྐོ་གཞག་གནང་ཡོད་ཅིང་། ཕྱི་ལོ་ ༢༠༢༤ ཟླ་ ༨ པའི་ཚེས་ ༣༠ ཉིན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་ལགས་ཀྱི་དྲུང་ནས་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པའི་ལས་འཁུར་དམ་འབུལ་ཞུས་ཏུ་ལས་ཁུར་དབུ་འཛུགས་གནང་ཡོད།

གཞི་རྩའི་དམ་པ་ཁོང་ནི་ཕྱི་ལོ་ ༡༩༦༢ ལོར་བོད་གཙང་རྩང་རྩུ་རུ་འཁྲུངས་ཤིང་། ཕྱི་ལོ་ ༡༩༨༥ ཟླ་ ༨ ཚེས་ ༢༠ ཉིན་རྩིས་ཞིབ་ལས་ཁུངས་སུ་གནས་བརྒྱད་པ་རྒན་དྲུང་ཐོག་བསྐོ་གཞག་གནང་ཡོད་པ་དང་། ཕྱི་ལོ་ ༡༩༩༣ ལོར་གཞུང་ཞབས་ནས་རྩ་དགོངས་ཞུས་འདུག དེ་རྗེས་ཆོད་གན་ཐོག་བལ་ཡུལ་རྩིས་ཞིབ་ཡན་ལག་ལས་ཁུངས་ཀྱི་འགན་འཛིན་དང་། ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་དུ་ཕྱག་ལས་གནང་ཞིང་། རིམ་པས་རྩིས་ཞིབ་ལས་ཁང་གི་བཀའ་དགོངས་བཞིན། གན་རྒྱའི་ཐོག་ནང་སྲིད་ཁྱབ་ཁོངས་མེའོ་ཆོས་འཕེལ་གླིང་དང་ཏི་ཛུ་དར་རྒྱས་གླིང་། འབུམ་ལ་བསྟན་འཛིན་སྒང་གཞིས་ལས་ཁང་། ཤེས་རིག་དང་བོད་ཕྲུག་ཁྱིམ་སྡེའི་ཡན་ལག་སློབ་གྲྭ་ཁག་ཏུ་རྩིས་ཞིབ་ཀྱི་ཐུགས་འགན་བཞེས་ཤིང་། ནང་སྲིད་ལས་ཁུངས་སུ་ཆོད་གན་ཐོག་རྩིས་དཔོན་གྱི་ལས་ཁུར་ཞུས། དེ་ནས་བོད་ཕྲུག་ཁྱིམ་སྡེའི་ཚོང་འབྲེལ་སྡེ་ཚན་གྱི་འགན་འཛིན་དང་། ཕྱི་ལོ་ ༢༠༢༤ ཟླ་བ་ ༠༨ ཚེས་ ༢༦ ཉིན་རྩིས་ཞིབ་ལས་ཁང་གི་སྤྱི་ཁྱབ་རྩིས་ཞིབ་པར་བདམས་ཐོན་བྱུང་ཞིང་། ཕྱི་ཚེས་ ༣༠ ཉིན་ལས་ཁུར་དམ་འབུལ་ཞུས་ཡོད་ལ། ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༢ ཉིན་ཁོང་ཉིད་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག དམ་པ་ཁོང་གིས་ད་བར་ལོ་ངོ་ ༣༠ ལྷག་བོད་མིའི་སྤྱི་ཚོགས་ཁྲོད་ཞབས་ཞུ་བསྒྲུབས་འདུག་ལ། སྤྱི་ཁྱབ་རྩི་ཞིབ་པའི་ལས་ཁུར་བཞེས་ཏེ་ཟླ་དྲུག་ཙམ་ལས་ཕྱིན་མི་འདུག །
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བདེ་སྐྱིད་ཀུན་སྒྲོལ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།