རྒྱ་ནག་གཞུང་གིས་བོད་ནང་བོད་མི་རྣམས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་བཞིན་ཡོད་སྐོར་བརྗོད་པ་ནི་དངོས་བདེན་མིན་པ་མིག་མཐོང་ལག་ཟིན་ཡིན་ཞེས་བོད་མིའི་སྒྲིག་འཛུགས་ཀྱི་མགྲིན་ཚབ་པས་གསུངས་པ།

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་གསར་པ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ཞེས་པའི་ནང་རྒྱ་ནག་གཞུང་གིས་བོད་ཀྱི་དཔལ་ཡོན་ནག་བསུབ་གཏོང་བཞིན་ཡོད་སྐོར་བཀའ་སྩལ་བར། རྒྱ་ནག་གཞུང་གིས་ཡུལ་དངོས་པོའི་གནས་སྟངས་ཐོག་བོད་ནང་དུ་བོད་མི་རྣམས་བདེ་སྐྱིད་ལྡན་པའི་ངང་འཚོ་བར་རོལ་བཞིན་ཡོད་ཚུལ་གྱི་རྒྱུན་ལྡན་གྱི་འཁྱོག་བརྗོད་བསྐྱར་བཤད་ལ། བོད་མིའི་སྒྲིག་འཛུགས་ཀྱིས་བོད་ནང་ཕྱིའི་འཛུགས་སྐྲུན་ལ་ཁ་གཡར་ནས་བོད་མི་རྣམས་སྐྱིད་པོ་ཡོད་ལུགས་བཤད་པ་ནི་བདེན་པ་མིན་པ་དངོས་མཐོང་ལག་ཟིན་རེད་ཅེས་ལན་འདེབས་གནང་བཞིན་འདུག
དེ་ཡང་དེ་རིང་ཟླ་ ༣ ཚེས་ ༡༡ རེས་གཟའ་མིག་དམར་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་མཛད་པའི་ཕྱག་དེབ་མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ཞེས་པ་འདོན་སྤེལ་གནང་གི་ཡོད་པ་དང་འབྲེལ། ཉེ་སྔོན་ཨ་རིའི་གསར་ཁང་ ( The Washington Post) གྱིས་ཕྱག་དེབ་དེའི་སྙིང་དོན་དུམ་ཚན་ཞིག་འདོན་སྤེལ་ཞུས་པའི་ནང་རྒྱ་ནག་གཞུང་གིས་བརྟན་ལྷིང་དང་། མངའ་ཁུལ་བདག་དབང་ལ་བསྙད་དེ་བོད་ཀྱི་ཆོས་དང་རིག་གཞུང་མཚོན་པའི་བོད་མིའི་ངོ་བོ་གསལ་སྟོན་བྱས་པར་ཉེན་ཁ་ངོས་འཛིན་གྱིས་བོད་ཀྱི་དཔལ་ཡོན་ནག་བསུབ་གཏང་རྒྱུའི་འབད་རྩོལ་བྱེད་བཞིན་ཡོད་པ་བཀའ་སྩལ་བར། ཕྱི་ཚེས་ ༡༠ རེས་གཟའ་ཟླ་བའི་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་མ་འོ་ནིང་(Mao Ning) གིས་གསར་འགོད་གསལ་བསྒྲགས་སྟེང་གསར་འགོད་པའི་དྲི་བའི་ལན་དུ་བརྗོད་དོན་ལ། ཏཱ་ལའི་བླ་མ་ནི་ཡང་དག་པའི་ཆོས་ལུགས་ཀྱི་འགོ་ཁྲིད་ཅིག་མ་ཡིན་པར། ཆོས་ལུགས་ཀྱི་མིང་འོག་ནས་རྒྱ་ནག་ཁ་བྲལ་གཏོང་ཐབས་བྱེད་མཁན་སྲིད་དོན་གྱི་སྐྱབས་བཅོལ་བ་ཞིག་ཡིན་ཞིང་། བོད་ཀྱི་གནད་དོན་ཐོག་རྒྱ་ནག་གི་ལངས་ཕྱོགས་འགྱུར་བ་མེད་ལ་གསལ་པོ་ཡིན་པས། ཏཱ་ལས་བླ་མས་ག་རེ་བརྗོད་མིན་ལ་མ་ལྟོས་པར། བོད་ནང་དུ་དཔལ་འབྱོར་ཡར་རྒྱས་དང་བོད་མི་ཚོས་འཕེལ་རྒྱས་དང་བདེ་སྐྱིད་ལ་ལོངས་སུ་སྤྱོད་བཞིན་ཡོད་པས། འབྲེལ་ཡོད་ནས་རྗེས་སུ་རྒྱ་ནག་ཁ་བྲལ་གཏོང་མཁན་དེ་རིགས་ལ་སྐད་ཆ་བཤད་སའི་སྡིངས་ཆ་སྤྲོད་མི་ཉན། ཞེས་བརྗོད་འདུག
གནད་དོན་དེ་དང་འབྲེལ་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས་ཀྱི་རྒྱ་ནག་གཞུང་གིས་དངོས་ཡོད་གནས་སྟངས་ལ་ལྟ་དགོས་པ་གལ་ཆེན་པོ་ཡིན་ཞིང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མི་མང་གི་མངོན་འདོད་སྒྲུབ་རྒྱུ་དང་། བོད་ནང་གི་དཀའ་ངལ་ཛ་དྲག་ཅན་དུ་འགྱུར་བཞིན་པ་གཟིགས་པའི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུ་གལ་ཆེན་པོ་གཟིགས་ཀྱི་ཡོད་ནའང་། རྒྱ་ནག་གཞུང་གིས་ཁ་གཡར་ནས་བོད་ནང་ཡར་རྒྱས་དང་། འཛུགས་སྐྲུན་སོགས་ལ་བརྟེན་ནས་བོད་སྐྱིད་པོ་ཡོད་ཚུལ་བཤད་པ་དེ་བདེན་པ་མིན་པ་དངོས་མཐོང་ལག་ཟིན་གསལ་པོ་ཡིན་ལ། དེ་དོན་རྒྱ་ནག་གཞུང་ངོས་ནས་བོད་ནང་གི་བོད་མིའི་མངོན་འདོད་སྒྲུབ་དགོས་རྒྱུ་ཧ་ཅང་གལ་ཆེན་པོ་ཡིན་ཞིང་། དེ་ལྟར་མ་ཡིན་པར་རྒྱ་ནག་གཞུང་གིས་བདེ་འཇགས་ལ་ཁ་གཡར་བསྡད་པ་དེ་རྒྱ་ནག་རང་ལའང་ཁེ་ཕན་མེད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
དེ་མཚུངས་ཟླ་འདིའི་ཕྱི་ཚེས་ ༡༠ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དུས་དྲན་གྱི་གཞུང་འབྲེལ་སྐུ་མགྲོན་རྣམས་ལ་མཇལ་ཁ་སྩལ་སྐབས་མགོན་པོ་མཆོག་བཙན་བྱོལ་དུ་ཕེབས་པའི་ལོ་རྒྱུས་ཕྱིར་དྲན་མཛད་དང་སྦྲགས། རྒྱ་ནག་གུང་ཁྲན་ཏང་གིས་བོད་ནག་གསུབ་གཏང་རྒྱུའི་རེ་བ་བྱས་ཀྱང་གྲུབ་འབྲས་གང་ཡང་སོན་མེད་ཅེས་བཀའ་སྩལ་ཡོད།
མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ་ (Voice for the Voiceless) ཞེས་པ་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་དེབ་འདི་འཛམ་གླིང་ནང་གྲགས་ཆེ་བའི་ཧར་པར་ཀོ་ལེན་ (Harper Collins) ཞེས་པའི་དཔེ་བསྐྲུན་ཁང་ནས་དཔར་བསྐྲུན་ཞུས་པ་ཞིག་ཡིན་པ་རེད། ཕྱག་དེབ་དེའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས། ད་བར་བོད་རྒྱའི་དཀའ་རྙོག་བསལ་རྒྱུར་སྐུ་ངལ་འཛེམ་མེད་ཀྱི་ཐོག་ནས་འབད་སྩོལ་ཡོད་རྒུ་རྩལ་སྤྲུགས་གནང་བའི་མཐུ་ནུས་ཀྱི་འབྱུང་རྩ་ནི་བོད་ནང་གི་བོད་མིའི་ཆོད་སེམས་དང་སྙིང་སྟོབས་ཡིན་པ་བཀའ་གནང་འདུག་ལ། ལོ་ངོ་བཅུ་ཕྲག་མང་པོ་སོང་ཟིན་པའི་རྗེས་སུའང་བོད་མིའི་སྙིང་སྟོབས་ཞུམ་པ་མེད་པར་གནས་ཡོད་པ་ནན་བརྗོད་གནང་ཡོད་པ་རེད་འདུག
རྩ་བའི་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམས་གནང་བའི་ཕྱག་དེབ་མང་པོ་ཡོད་པའི་ནང་ནས། “མགྲིན་མེད་པ་རྣམས་ཀྱི་མགྲིན་ཚབ་པ།” ཞེས་པ་འདི་མགོན་པོ་མཆོག་གི་ལྗགས་རྩོམ་གནང་བའི་མཛད་རྣམ་གསུམ་པ་རེད་ལ། དེ་འདོན་སྤེལ་གནང་རྒྱུ་ཡིན་པའི་གསལ་བསྒྲགས་ཐོག་མར་དེ་ནི་ལོའི་ཕྱི་ཟླ་ ༡ ཚེས་ ༢༤ ཉིན་གནང་ཡོད་ཅིང་། ཕྱག་དེབ་དེ་ཉིད་རྒྱ་སྐད་དང་། ཨོ་གླིང་། ཁེ་ན་ཌ། འཇར་མ་ནི། ཨི་ཊ་ལི། ཧྥ་རན་སི། ཧོ་ལེནཌི། སྦརཱ་ཛིལ་བཅས་སྐད་རིགས་འདྲ་མིན་ནང་འདོན་སྤེལ་བྱེད་འཆར་འདུག་ལ། རྒྱ་སྐད་དུ་བསྒྱུར་བའི་ཕྱག་དེབ་དེ་དང་འབྲེལ་ཏེ་༸སྐུའི་གསུང་སྒྱུར་བ་དགེ་བཤེས་ཐུབ་བསྟན་སྦྱིན་པ་ལགས་ཀྱིས། རྣམ་སྤྱོད་སྡན་པའི་རྒྱ་མི་རྣམས་ཀྱིས་ཀློག་ན། རྒྱ་བོད་ཀྱི་དཀའ་རྙོག་སེལ་བར་༸གོང་ས་མཆོག་ངོས་ནས་ཐབས་ལམ་ཡོངས་རྫོགས་གནང་ཡོད་པ་ཤེས་རྟོག་བྱུང་ངེས་རེད་ཅེས་རླུང་འཕྲིན་ཁང་ལ་གསུངས་ཡོད། །
གསར་འགོད་པ། བདེ་ཆེན་དབང་མོ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།