རྒྱ་ནག་གཞུང་གིས་བོད་དོན་འཁྱོག་བཤད་བྱས་བར་ལན་འདེབས་ཀྱི་དཔེ་དེབ་འདོན་སྤེལ།

0:00 / 0:00

རྒྱ་ནག་གཞུང་གིས་བོད་དོན་འཁྱོག་བཤད་བྱས་བ་རྣམས་ལ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ལན་འདེབས་བྱས་བའི་དཔེ་དེབ་ཤིག་འདོན་སྤེལ་གནང་འདུག
ད་ལྟའི་ཉི་ཧོང་ནང་གི་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་དོན་གཅོད་འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་དེ་སྔ་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་དྲུང་ཆེ་ཡིན་པའི་སྐབས། རྒྱ་ནག་གཞུང་གིས་བོད་ཐོག་འཁྱོག་བཤད་བྱས་པ་ཁག་ལ་ལན་འདེབས་ཀྱི་རྩོམ་ཡིག་སྤེལ་བ་རྣམས་ཕྱོགས་བསྒྲིགས་ཀྱིས་(Harnessing the Dragon's Fume)་འབྲུག་གི་དུག་རླངས་ལ་ཁ་གཏད་གཅོག་པ་ཞེས་པའི་དཔེ་དེབ་དེ་བཞིན་སྤྱི་ཟླ་༨ ་པའི་ཚེས་༢་ཉིན་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ནས་འགྲེམས་སྤེལ་གནང་འདུག
ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་ན། རྒྱ་ནག་གཞུང་གིས་ད་བར་རྒྱལ་སྤྱིའི་ཁྲོད་བོད་དེ་ལོ་རྒྱུས་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་འཁྱོག་བཤད་དང་བོད་ཀྱི་བླ་སྤྲུལ་ངོས་འཛིན་གྱི་བདག་དབང་རྒྱ་ནག་ལ་ཡོད་ཚུལ་འཁྱོག་བཤད་ཀྱི་གནས་ཚུལ་སྤེལ་ཡོད་པ་དེ་དག་ད་བར་ཁུངས་འཁྱོལ་མེད། འོན་ཀྱང་། རྒྱ་ནག་གི་དཔལ་འབྱོར་དང་དམག་ཤུགས་ཀྱི་རྐྱེན་གྱིས་རྒྱལ་ཁབ་མང་པོ་ཞིག་གིས་དེ་དག་ལ་བརྩི་འཇོག་བྱེད་བཞིན་པའི་དུས་འདིར་བོད་མིའི་ངོས་ནས་ལོ་རྒྱུས་ཀྱི་གནས་བབ་ལ་དཔྱད་པ་དང་། ད་ལྟའི་བོད་ནང་གི་གནས་སྟངས་ཤེས་པའི་སྒོ་ནས་རྒྱ་ནག་གཞུང་གི་འཁྱོག་བཤད་རྣམས་ལ་གདོང་ལེན་དང་ལན་འདེབས་བྱེད་དགོས་རྒྱུ་གལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་གནང་བྱུང་།
འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ད་སྐབས་རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་བླ་སྤྲུལ་ཡང་སྲིད་ངོས་འཛིན་ཐོག་དོ་སྣང་དང་ཐེ་བྱུས་བྱེད་དགོས་པའི་དམིགས་ཡུལ་གཙོ་བོ་ཞིག་ནི། བོད་མི་མང་པོ་ཞིག་གིས་ཡིད་ཆེས་བྱེད་ས་དེ་བོད་ཀྱི་ནང་ཆོས་དང་བླ་སྤྲུལ་ཚོ་ཆགས་བསྡད་ཡོད་པ་དང་། བོད་མི་ཚོས་རྒྱ་ནག་གི་དཔོན་རིགས་ལས་ཀྱང་བོད་ཀྱི་བླ་སྤྲུལ་ཚོའི་ཁ་ལ་མང་བ་ཉན་གྱི་ཡོད། དེར་བརྟེན། བོད་ཀྱི་བླ་སྤྲུལ་དང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཡང་སྲིད་ཐད་རྒྱ་ནག་གིས་ཐེ་བྱུས་ཀྱིས་དབང་བསྒྱུར་བྱས་པ་ཡིན་ཚེ། བོད་ཀྱི་གནད་དོན་དེ་ཡང་རིམ་པས་ཡལ་འགྲོ་ཡི་ཡོད་པ་རྒྱ་ནག་གཞུང་གིས་ཚོད་དཔག་བྱེད་ཀྱི་ཡོད་ཀྱང་། འདི་ནི་རྒྱ་ནག་གཞུང་ལ་དཀའ་ངལ་རང་བཞིན་ཞིག་ཡིན་པ་འགྲེལ་བརྗོད་གནང་སོང་།
སྤྱིར་བོད་རྒྱ་དཀའ་རྙོག་སེལ་བར་གཙོ་བོ་གྲོས་མོལ་བྱེད་རྒྱུ་དེ་ཡིན་ནའང་། ད་ལྟའི་རྒྱ་ནག་གཞུང་གིས་བོད་མིའི་སྐུ་ཚབ་ལྷན་དུ་གྲོས་མོལ་གནང་གི་མེད་པ་རེད། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་སྔ་སྤྱི་ལོ་༢༠༠༨་ལོར་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར་ཡིག་ཆ་དེ་རྒྱ་ནག་ལ་སྤྲད་ཡོད་ཀྱང་། དེར་བརྩི་འཇོག་མ་བྱས་པར་བོད་མིས་ཕྱེད་རང་བཙན་རྩོད་ཀྱི་འདུག་ཞེས་སྒྲོ་བཏགས་བྱས་ཡོད་པ་མ་ཟད། རྒྱ་ནག་མི་མང་བྱིངས་ལ་བསམ་འཆར་ཡིག་ཆ་དེའི་སྐོར་ད་བར་འགྲེལ་བརྗོད་བྱས་མེད། རྒྱུ་མཚན་ནི། གལ་ཏེ། བོད་ཀྱི་བདེན་མཐའ་སེལ་ཏེ་བོད་རྒྱ་གཉིས་དོན་དངོས་ཀྱི་མཐུན་སྒྲིལ་ཆགས་པ་ཡིན་ན། རྒྱ་ནག་དམར་ཤོག་སྲིད་གཞུང་ལ་ཧ་ཅང་གི་ཉེན་ཁ་ཆགས་ཡོད་པ་འགྲེལ་བརྗོད་གནང་སོང་།
དཔེ་དེབ་དེའི་བརྗོད་བྱ་གཙོ་བོ་ཁག་ནི། ལོ་རྒྱུས་ཐོག་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་ཡང་སྲིད་ཐད་རྒྱ་ནག་གཞུང་ཕྱོགས་ནས་ཐེ་བྱུས་བྱེད་དབང་མེད་པའི་སྐོར་དང་། སྤྱི་ལོ་༡༩༤༩་གོང་གི་ལོ་རྒྱུས་ལ་གཞིགས་ན། བོད་རྒྱ་ནག་གི་ཆ་ཤས་རྩ་བ་ནས་མིན་པའི་སྐོར། རྒྱ་ནག་གཞུང་གིས་བོད་མིའི་སྐུ་ཚབ་ལྷན་དུ་གྲོས་མོལ་མ་གནང་བའི་རྒྱུ་རྐྱེན་སྐོར། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་སྤྱི་ཚོགས་ཡར་རྒྱས་དང་། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ལེགས་སུ་བཏང་ཚུལ་བསྒྲགས་པ་ནི་ཚུལ་ཆོས་རང་བཞིན་ཞིག་ཡིན་པའི་སྐོར་སོགས་ཡིན་འདུག
འབུམ་རམས་པ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ནི་དེ་སྔ་དཔལ་འབྱོར་པར་བསྐྲུན་ཁང་གི་འགན་འཛིན་གནང་མྱོང་འདུག་པ་དང་། སྤྱི་ལོ་༢༠༡༣་ལོར་ལྡི་ལི་སྐུ་ཚབ་དོན་གཅོད་ཁང་གི་དྲུང་ཆེ་དང་། ༢༠༡༩་ལོར་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེར་བསྐོ་བཞག་གནང་སྟེ། ད་ལྟའི་ཆར་ཉི་ཧོང་སྐུ་ཚབ་དོན་གཅོད་ཀྱི་ཐུགས་འགན་བཞེས་མུས་རེད།

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། ཨྱོན་བསྟན་འཛིན།
དྲ་ཐོག་རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།