༧གོང་ས་མཆོག་སོག་ཡུལ་ལ་ཞབས་སོར་བདེ་བར་འཁོད་གནང་འདུག

2016-11-18
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་སོག་ཡུལ་གྱི་རྒྱལ་སར་ཞབས་སོར་བདེ་བར་འཁོད་གནང་བ། ༢༠༡༦།༡༡།༡༨
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་སོག་ཡུལ་གྱི་རྒྱལ་སར་ཞབས་སོར་བདེ་བར་འཁོད་གནང་བ། ༢༠༡༦།༡༡།༡༨
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དེ་རིང་ཕྱི་ཟླ་ ༡༡་ཚེས་༡༨་ཉིན་སོག་ཡུལ་གྱི་རྒྱལ་ས་ཨུ་ལན་བ་ཏུར་རུ་ཞབས་སོར་བདེ་བར་འཁོད་གནང་མཛད་སོང་།
དེ་ཡང་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨུ་ལན་བ་ཏུར་གྱི་ཇན་ཀིསི་ཁཱན་གྱི་གནམ་ཐང་དུ་སོག་ཡུལ་གྱི་ཚོུད་བཞི་དང་ཕྱེད་ཀ་ཙམ་ལ་ཉི་ཧོང་ནས་ཞབས་སོར་འཁོད་སྐབས་སོག་ཡུལ་གཞུང་གི་སྐུ་ཚབ་དང་། དགའ་ལྡན་དགོན་པ་གཙོས་པའི་སོག་ཡུལ་གྱི་དགོན་སྡེ་ཁག་གི་མཁན་པོ་རྣམ་པ། རྒྱ་གར་གཞུང་གི་སྐུ་ཚབ་སོགས་ཕེབས་བསུར་བཅར་ཞིང་། སོག་ཡུལ་དུ་བཅའ་ཞུགས་བོད་རིགས་བླ་སྤྲུལ་དགེ་བཤེས་དང་སོག་ཡུལ་གྱི་དད་ལྡན་པ་ཁག་གཅིག་ཀྱང་ཕེབས་བསུར་བཅར་འདུག
དེ་རིང་སྔ་ཐོག་ནས་སོག་ཡུལ་གྱི་རྒྱལ་ས་ཨུ་ལཱན་བ་ཏུར་རུ་གངས་བབས་ཤིང་། གནམ་གཤིས་གྲངས་ཚད་ནི་གླད་སྒོར་འོག་གི་Celsius ༢༥་ཙམ་སྟེ། ཧ་ཅང་གྲངས་ངར་ཆེ་བའི་ཉིན་མོ་ཞིག་ཆགས་ཡོད།
༧གོང་ས་སྐྱབས་མགོན་ཆེན་པོ་སྐུ་འཁོར་དང་བཅས་པ་གནམ་ཐང་ནས་ཐད་ཀར་སོག་ཡུལ་གཞུང་གི་གསོལ་མགྲོན་ཁང་ཨེཧཀ་ཏེང་གྷིར་རུ་(Ikh Tenger)གདན་འདྲེན་ཞུས་ཤིང་། གསོལ་མགྲོན་ཁང་དེའི་ནང་རྣམ་ཀུན་ཕྱིའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་རྣམ་པ་ཕེབས་སྐབས་བཞུགས་ཡུལ་གྱི་མགྲོན་ཁང་དེ་ཡིན་པ་རེད།
སང་ཉིན་ཕྱི་ཟླ་༡༡་ཚེས་༡༩་སྔ་དྲོ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་གྱི་དགོན་པ་ཆེ་ཤོས། དགའ་ལྡན་ཐེག་ཆེན་གླིང་དུ་གནས་གཟིགས་དང་། དེ་རྗེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་སོག་ཡུལ་གྱི་མངའ་སྡེ་༢༡་རྩ་གཅིག་གི་དགོན་སྡེ་ཁག་གི་མཁན་པོ་དང་དབུ་ཁྲིད་རྣམས་ལ་བཀའ་སློབ་སྩོལ་གནང་མཛད་རྒྱུ་དང་། སོག་ཡུལ་ནང་པའི་དབུ་ཁྲིད་ཁཱལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་དགུ་པའི་བླ་བྲང་དུ་ཞབས་ཅག་གནང་རྒྱུ་ཡིན་འདུག
སོག་ཡུལ་དགའ་ལྡན་དགོན་པ་འདི་ནི་ཁཱལ་ཁ་རྗེ་བཙུན་དམ་པ་སྐུ་ཕྲེང་ལྔ་པས་ཕྱི་ལོ་༡༨༠༥་ལོར་ཕྱག་བཏབ་པ་ཞིག་ཡིན་ཞིང་། ཕྱི་ལོ་༡༩༠༤་ལོར་དབྱིན་དམག་བོད་དུ་འབྱོར་སྐབས་༧གོང་ས་རྒྱལ་དབང་༧སྐུ་ཕྲེང་བཅུ་གསུམ་པ་མཆོག་སོག་ཡུལ་དུ་ཉེན་གཡོལ་དུ་ཕེབས་སྐབས་དགོན་པ་འདིར་ཟླ་བ་འགའ་ཤས་རིང་བཞུགས་གནང་མཛད་ཡོད་པ་རེད།
ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་སོག་ཡུལ་དུ་ཆིབས་བསྒྱུར་བསྐྱངས་པར་རྒྱ་ནག་གཞུང་གིས་སྐྱོན་བརྗོད་བྱས་ཡོད་ཀྱང་། སོག་ཡུལ་དགའ་ལྡན་དགོན་པས་ཆིབས་བསྒྱུར་གདན་ཞུ་ཐོག་གཞུང་གི་སྲིད་འཛིན་དང་། སྲིད་བློན། གྲོས་ཚོགས་ཀྱི་ཚོགས་གཙོ་བཅས་ཀྱི་རྒྱབ་སྐྱོར་གནང་པ་ཞིག་ཡིན་འདུག
སང་ཉིན་ཕྱི་ཚེས་༡༩་ཉིན་རྒྱབ་སོག་ཡུལ་དགའ་ལྡན་དགོན་པའི་སྤྱན་རས་གཟིགས་གྲྭ་ཚང་གི་མདུན་ཐང་དུ་དད་ལྡན་མང་ཚོགས་ལ་བཀའ་སློབ་སྩོལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་འགན་འཛིན་གཞོན་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།