འཛམ་གླིང་སྲུང་སྐྱོབ་བྱེད་རྒྱུ་ང་ཚོ་ཚང་མར་འགན་ཡོད་ལ་ཆབ་སྲིད་པ་ཚོར་དམིགས་བསལ་འགན་འཁྲི་ཡོད། ༧གོང་ས་མཆོག་གིས།

2020-09-15
གློག་འཕྲིན།
མཆན།
Share
པར་བཀོད།
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར། ༢༠༡༩།༩།༢༥
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར། ༢༠༡༩།༩།༢༥
OHHDL

འབྱུང་འགྱུར་འཛམ་གླིང་འདི་སྲུང་སྐྱོབ་བྱེད་རྒྱུ་ནི་ད་ལྟ་ང་ཚོ་ཚང་མར་རག་ལུས་ཡོད་པ་མ་ཟད་ཆབ་སྲིད་པ་ཚོར་དམིགས་བསལ་གྱི་འགན་འཁྲི་ཡོད་པ་༧གོང་ས་མཆོག་གིས་བཀའ་སྩལ་འདུག
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྗགས་རྩོམ་གནང་བའི་(Our Only Home: A climate Appeal to the world)་ཞེས་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་དང་འབྲེལ་བའི་ཕྱག་དེབ་ཅིག་རིང་མིན་སྤྱི་ཟླ་༡༡་ནང་འདོན་སྤེལ་གནང་འཆར་ཡོད་པ་མ་ཟད། ཉེ་ལམ་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་འཛམ་གླིང་སྲུང་སྐྱོབ་སྐོར་དམིགས་བསལ་ལྗགས་རྩོམ་གནང་བའི་རྩོམ་ཡིག་ཅིག་ཨ་མ་རི་ཀའི་ནང་རྟེན་གཞི་བྱས་པའི་(Los Angeles Times)་ཞེས་པའི་གསར་ལས་ཁང་གིས། འདི་ཚེས་༡༥་རེས་གཟའ་མིག་དམར་ཉིན་འདོན་སྤེལ་གནང་འདུག་པའི་ནང་། སྟོན་པ་བཅོམ་ལྡན་འདས་མཆོག་སྐུ་འཁྲུངས་པའི་སྐབས་ཁོང་གི་ཡུམ་ཆེན་ལྗོན་ཤིང་ཞིག་ལ་སྙེ་སྟེ་འཁྲུངས་ཡོད་པ་མ་ཟད། བྱང་ཆུབ་ཤིང་གི་འོག་ལ་སངས་རྒྱས་བ་སོགས་ཡོད་ཚད་ཤིང་སྡོང་དང་འབྲེལ་བ་ཡོད་པ་བསྟན་ཡོད་པ་ལས། སྐུ་མྱ་ངན་འདས་པའི་དུས་སུ་ཡང་ཤིང་སྡོང་གི་འོག་ཏུ་ཚུལ་བསྟན། དེར་བརྟེན། གལ་ཏེ་སྟོན་པ་བཅོམ་ལྡན་འདས་མཆོག་འཛམ་གླིང་དུ་ཕྱིར་ཕེབས་པ་ཡིན་ཚེ། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་ཁག་དང་རང་བཞིན་གྱི་འབྲེལ་བ་ཆགས་ངེས་ཡིན་ཞེས་གསུངས་འདུག
ངོས་ལྟ་བུ་མཚོན་ན། ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་དོན་བསྒྲུབ་མཁན་ཚོར་ཐེ་ཚོམ་མེད་པའི་ཐོག་ནས་རྒྱབ་སྐྱོར་བྱ་ངེས་ཡིན་ཞིང་། འདི་ནི་ང་ཚོ་གསོན་པོར་གནས་དང་མི་གནས་ཀྱི་དྲི་བ་ཞིག་ཀྱང་ཡིན། རྒྱུ་མཚན་ནི། འཛམ་གླིང་འདི་ནི་ང་ཚོའི་ཁྱིམ་གཞི་འབའ་ཞིག་དེ་ཡིན་ཞེས་དང་། འདས་པའི་ལོ་ཟླའི་ནང་ན་གཞོན་ས་ཡ་མང་པོ་ཞིག་གིས་ང་ཚོའི་ཁོར་ཡུག་སྲུང་སྐྱོབ་སླད་སྐད་འབོད་ལས་འགུལ་དང་སྦྲགས། ཆབ་སྲིད་ཀྱི་འགོ་ཁྲིད་ཚོས་གནམ་གཤིས་འགྱུར་ལྡོག་དང་ཁོར་ཡུག་སྲུང་སྐྱོབ་ཐད་དོན་དམ་གྱི་ལག་བསྟར་དགོས་པ་དང་། འགོ་ཁྲིད་དེ་དག་གིས་ང་ཚོའི་སྣོད་བཅུད་ཁོར་ཡུག་ལ་གཏོར་བཤིག་ཇི་ལྟར་ཐེབས་ཀྱི་ཡོད་པའི་སྐོར་སྤྱི་དམངས་ཁྲོད་དུ་ངེས་པར་དུ་གསལ་སྟོན་བྱ་དགོས་ཞེས་གསུངས་འདུག
ཁོར་ཡུག་སྲུང་སྐྱོབ་ཀྱི་ལས་འགུལ་བ་(Greta Thunberg)་ལགས་ཀྱིས། འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཀྱི་གལ་གནད་སྐོར་གོ་རྟོགས་ལས་འགུལ་སྤེལ་བར་ངོས་ཀྱིས་ཡི་རངས་ཞུ་རྒྱུ་ཡིན་ལ། ཁོང་མོས་སློབ་གྲྭའི་སློབ་མའི་ཁྲོད་དུ་གོ་ལའི་ཚ་དྲོད་འཕེལ་བའི་གནད་དོན་ཐད་གོ་རྟོགས་སྤེལ་བའི་གྲུབ་འབྲས་ནི་ཧ་ཅང་གི་ངོ་མཚར་ཆེ་ཞིང་། ཁོང་མོ་ལོ་ན་ཆུང་ཆུང་ཡིན་མིན་ལ་མ་བལྟོས་པར། ཁོང་མོར་དབང་བའི་འཇིག་རྟེན་ཀུན་ཁྱབ་དང་འབྲེལ་བའི་བསམ་བློ་ནི་དེ་བས་ངོ་མཚར་ཆེ། ཁོང་མོས་འགོ་འཛུགས་གནང་བའི་རེས་གཟའ་པ་སངས་འཆར་ཅན་འཛམ་གླིང་སྲུང་སྐྱོབ་དང་འབྲེལ་བའི་ལས་འགུལ་ཏེ་(Fridays for Future)་ཞེས་པའི་ལས་འགུལ་ལ་ངོས་རྒྱབ་སྐྱོར་ཡོད་ཅེས་གསུངས་འདུག
འགྲོ་བ་མི་སྒེར་སོ་སོར་གོ་ལའི་ཁྱིམ་ཚང་འདི་ཡང་དག་པའི་ལམ་བུ་ཞིག་ལ་སྣེ་ཁྲིད་བྱེད་རྒྱུའི་འགན་འཁྲི་ཡོད་པ་དང་། ཆོས་བྱས་པ་དང་། དཀོན་མཆོག་ལ་གསོལ་བ་གཅིག་པུ་བཏབ་པ་ཙམ་གྱིས་འདང་གི་མེད་པས། ང་ཚོས་ངེས་པར་དུ་འགན་འཁུར་བཞེས་དགོས་ཅེས་དང་། འབྱུང་འགྱུར་ཞི་བདེ་དང་བྱམས་བརྩེ། གྲོས་མོལ་གྱི་འཛམ་གླིང་ཞིག་བསྐྲུན་བར་དུས་རབས་ཉེར་གཅིག་པའི་གཞོན་སྐྱེས་ཚོར་ནུས་པ་ལྡན་ཞིང་། འཛམ་གླིང་འདི་ཡག་པོ་ཞིག་ཡོང་བར་ཁོང་ཚོར་གོ་སྐབས་ཡོད་ལ་འགྱུར་བ་ཡང་གཏོང་ཐུབ། ལྷག་པར་དུ་གོ་ལའི་ཚ་དྲོད་འཕེལ་བའི་སྐབས་དེར། གཞོན་སྐྱེས་དུ་མ་ཞིག་མཉམ་རུབ་ཀྱིས་ཐོག་ནས་ཕྱག་ལས་གནང་སྟེ། གོ་ལའི་ཚ་དྲོད་ཀྱི་ངལ་བ་སེལ་ཐབས་ལ་འབད་བཞིན་ཡོད་པ་འདི་ནི་ང་ཚོའི་རེ་བ་ངོ་མ་དེ་ཡིན་ཞེས་གསུངས་འདུག
ཡང་ང་ཚོའི་བསམ་བློ་དེ་ཡང་རྩེ་ནས་མར་ཐུར་ལ་འགྲོ་སྲིད་པ་ཞིག་རེད། འོན་ཀྱང་། བསམ་བློ་དེ་དངོས་སུ་ལག་བསྟར་བྱེད་པའི་སྐབས། འོག་མཐིལ་ནས་ཡང་རྩེ་ལ་སླེབས་པ་བྱ་དགོས། ན་གཞོན་ཚོའི་འཐབ་རྩོད་ནི་དྲང་བདེན་དང་རྒྱུ་མཚན་ལ་བརྟེན་ཡོད། དེར་བརྟེན། གཞོན་སྐྱེས་ཚོས་འཛམ་གླིང་འདིའི་ནང་དོན་དངོས་ཀྱི་འགྱུར་བ་གཏོང་ཐུབ་པའི་ནུས་པ་ཡོད་ལ། གྲུབ་འབྲས་བཟང་པོ་ཞིག་སྨིན་པར་ངོས་ལ་ཡིད་ཆེས་ཡོད། འོན་ཀྱང་། ང་ཚོའི་རེ་བ་ཆ་ཚང་གཞོན་སྐྱེས་འབའ་ཞིག་ལ་རྒྱབ་ནས་བསྡད་ན་འགྲིག་གི་མེད། ང་ཚོས་ངེས་པར་དུ་གནས་ཚུལ་ཛ་དྲག་སྐབས་ལས་དོན་ཁག་བསྒྲུབ་ཐུབ་མཁན་གྱི་ཆབ་སྲིད་འགོ་ཁྲིད་ཅིག་འདེམས་དགོས་ཤིང་། དེང་སྐབས་ཁོར་ཡུག་དང་འབྲེལ་བའི་ཆབ་སྲིད་དང་འོས་བསྡུ་སོགས་ཀྱི་བར་འབྲེལ་བ་ཤུགས་ཆེན་ཡོད་པ་ང་ཚོས་མཐོང་ཆོས་སུ་གྱུར་ཡོད་ཅེས་གསུངས་འདུག
དེ་ཡང་ཇར་མི་ནེ་དང་། སུད་སི། ཧྥན་ལན་ཊི་(Finland) བྷེལ་ཇམ་(Belgium) ནེ་དྷར་ལེན་ཊི་(Netherlands) དེ་བཞིན་ཡོ་རོབ་གྲོས་ཚོགས་སོགས་ཀྱི་ནང་མི་མང་ཚོས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་(Green Parliamentarians)་ཞེས་པའི་གྲོས་ཚོགས་འཐུས་མི་འོས་འདེམས་བྱེད་ཀྱི་ཡོད་པ་དེས་མི་དམངས་དཀྱུས་མ་ཚོའི་བསམ་ཚུལ་གྱིས་ཆབ་སྲིད་པ་ཚོའི་བསམ་བློར་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པ་གསལ་པོ་མཚོན་ཐུབ་ཅེས་གསུངས་འདུག
ཡང་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ངོས་ཀྱི་མཐོང་ཚུལ་ཞིག་ལ་ཆབ་སྲིད་པ་ཚོས་གནམ་གཤིས་དང་ཁོར་ཡུག་སྲུང་སྐྱོབ་ལ་དགོས་ངེས་ཀྱི་དོ་སྣང་བྱེད་ཀྱི་མིན་འདུག སྣང་མེད་དུ་བཞག་པ་དེ་དགྲ་བོ་ངོ་མ་དེ་རེད། ལྷན་ཚོགས་དང་ཚོགས་འདུ་འཚོགས་པ་ཙམ་གྱི་འདང་ཀྱི་མེད་པ་རེད། ཁག་ཡོད་ལག་ཡོད་ཀྱིས་འགྱུར་བ་ཞིག་ཡོང་བར་ང་ཚོས་ངེས་པར་དུ་དུས་ཚོད་ངེས་ཅན་ཞིག་བཀག་དགོས་པ་དང་། གལ་ཏེ་ད་ལྟའི་ཆབ་སྲིད་འགོ་ཁྲིད་ཚོས་རང་ཉིད་ཀྱི་འགན་འཁུར་བ་ཡིན་ན་ང་ཚོར་རེ་བ་ཡོད། འགྲོ་བ་མི་འགའ་ཤས་ཀྱི་འདོད་རྔམ་ལ་བརྟེན་ནས་ང་ཚོའི་སྤྱི་ཚོགས་ཀྱི་དཔལ་ཡོན་དེ་བློས་བཏང་བྱེད་མི་རུང་ཞེས་བཀའ་གནང་འདུག
ཡང་༧གོང་ས་མཆོག་གིས། གསར་འགོད་པ་ཚོར་ཡང་སྤྱི་མཚུངས་ཀྱི་འགན་འཁུར་ཡོད། དེང་གི་དུས་འདིར་གསར་འགོད་པ་ཚོས་མང་ཚོགས་ཁྲོད་གནས་ཚུལ་སྡུག་བའི་རིགས་གཅིག་པུ་བཀོད་སྤེལ་བྱས་པ་ཙམ་མིན་པར་བཟང་ཕྱོགས་ཀྱི་གནས་ཚུལ་དང་འབྲེལ་བའི་གོ་རྟོགས་རིགས་སྤེལ་ཏེ་མང་ཚོགས་ཁྲོད་རེ་བ་གསར་པ་བསྐྲུན་དགོས་ཞེས་བཀའ་གནང་འདུག
དེང་སྐབས་ཞིབ་འཇུག་བྱས་པའི་བརྒྱུད་རིམ་ནང་། འཛམ་གླིང་ནང་ནག་རྫས་འབར་རླངས་ཇེ་མང་དུ་འགྲོ་ཉེན་ཡོད་པ་འདི་ནི་ང་ཚོའི་དུས་ཚོད་འདིར་ཧ་ཅང་གི་གལ་འགངས་ཆེན་པོ་ཆགས་ཡོད་པ་དང་། ཆབ་སྲིད་པ་ཚོ་འདིར་གཡོལ་ཐབས་གང་ཡང་མེད། དེར་བརྟེན། དུས་ཚོད་འདི་ང་ཚོས་རྣམ་དཔྱོད་ལྡན་པའི་ངང་བེད་སྤྱོད་བྱེད་དགོས་ཅེས་དང་། གོ་ལ་འདིའི་ནང་མི་ཐེར་འབུམ་བདུན་ལྷག་ཡོད་པ་ཚང་མར་འཇིག་རྟེན་ཀུན་ཁྱབ་ཀྱི་བསམ་བློ་དགོས་གལ་ཆེ་ཞིང་། ང་ཚོའི་དམིགས་ཡུལ་ལྟེ་བ་ཞིག་ནི་ཁོར་ཡུག་ལྷན་དུ་སླར་ཡང་ཆ་སྙོམས་གྱི་ཐོག་ནས་གནས་ཐབས་འབད་དགོས་པ་དང་། འགྲོ་བ་མི་གཅིག་གྱུར་གི་འདུ་ཤེས་འཛིན་མཁན་ཚོར་མངགས་བརྗོད་ཀྱིས་གོ་ལའི་ཚ་དྲོད་འཕེལ་བར་གདོང་ལེན་བྱེད་པ་ནི། ང་ཚོའི་འཚོ་གནས་དང་འབྲེལ་བ་ཡོད་པ་ཤེས་དགོས་ཅེས་གསུངས་འདུག
ཡང་མཐའ་མཇུག་ཏུ་༧གོང་ས་མཆོག་གིས། འབྱུང་འགྱུར་མི་རབས་ཚོའི་མདུན་ལམ་གྱི་འགན་འཁྲི་དེ་ང་ཚོར་ཡོད་པར་བརྟེན། ཕྱི་མ་དྲག་གོང་ནས་ང་ཚོས་ངེས་པར་དུ་ལག་བསྟར་བྱེད་དགོས། ངོས་རང་དགེ་འདུན་པ་ཞིག་ཡིན་ལ། བུ་ཕྲུག་མེད། ཡིན་ནའང་ཕྲུ་གུ་ཡོད་མཁན་ཚོས་མ་འོངས་སོ་སོའི་ཕྲུ་གུ་ཚོའི་མི་ཚེ་དང་མདུན་ལམ་ཆེད་དུ་བསམ་བློ་གཏོང་དགོས། ང་ཚོ་དུས་རབས་༢༡་པའི་འགོ་སྟོད་ལ་ཡོད་པ་རེད། ཡིན་ནའང་ད་ལྟ་ནས་ང་ཚོས་དུས་རབས་༢༢་དང་༢༣་པའི་གནས་སྟངས་ག་རེ་ཆགས་མིན་ཐོག་བསམ་ཤེས་ངེས་པར་དུ་བྱ་དགོས་གལ་ཆེ་ཞེས་གསུངས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།