༧གོང་ས་མཆོག་གིས་ལྡི་ལི་ནས་སློབ་ཕྲུག་དང་དགེ་རྒན་སྟོང་ཕྲག་བརྒལ་བར་བཀའ་སློབ།

2019-09-20
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་ལྡི་ལི་ནས་སློབ་ཕྲུག་དང་དགེ་རྒན་སྟོང་ཕྲག་བརྒལ་བར་བཀའ་སློབ་སྩལ་སྐབས། ༢༠༡༩།༩།༢༠
༧གོང་ས་མཆོག་གིས་ལྡི་ལི་ནས་སློབ་ཕྲུག་དང་དགེ་རྒན་སྟོང་ཕྲག་བརྒལ་བར་བཀའ་སློབ་སྩལ་སྐབས། ༢༠༡༩།༩།༢༠
OHHDL

བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ལྡི་ལི་ཁུལ་གྱི་སློབ་མ་དང་དགེ་རྒན་ལས་བྱེད་༢༣༠༠་ལྷག་ལ་ནང་སེམས་བཅོས་ཐབས་ཀྱི་ཤེས་ཡོན་སྐོར་ལ་བཀའ་སློབ་བསྩལ་འདུག
བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་ལྡི་ལི་ཁུལ་གྱི་སློབ་མ་དང་། དགེ་རྒན་ལས་བྱེད་༢༣༠༠་ལྷག་ལ་ནང་སེམས་བཅོས་ཐབས་ཀྱི་ཤེས་ཡོན་སྐོར་ལ་བཀའ་སློབ་སྩལ་སྐབས། ན་གཞོན་ཚོས་དེང་དུས་ཀྱི་ཤེས་ཡོན་དང་མཉམ་དུ་རྒྱ་གར་གྱི་གནའ་བོའི་རིག་གཞུང་ཐོག་སློབ་གཉེར་གནང་པ་ཡིན་ན་མི་ཚེ་ལྷིང་འཇགས་དང་བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་ཡིན་པ་བཀའ་བསྩལ་ཡོད།
དེ་ཡང་འདི་ཚེས་༢༠་ཉིན། རྒྱ་གར་གྱི་རྒྱལ་ས་ལྡི་ལི་གསར་པའི་ནང་ཡོད་པའི་སི་པིཁུ་མེ་ཀེ་(Spic Macay)ཞེས་པའི་གཞུང་འབྲེལ་མ་ཡིན་པའི་གཞོན་སྐྱེས་དང་བླངས་ཚོགས་པས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ལྡི་ལི་ཁུལ་གྱི་སློབ་གྲྭ་གྲངས་༥༠་ནས་ཁྱོན་སློབ་མ་༢༣༠༠་ལྷག་དང་། དགེ་རྒན་ལས་བྱེད་བཅས་ལ་སེམས་བཅོས་ཐབས་ཀྱི་ཤེས་ཡོན་སྐོར་བཀའ་སློབ་སྩལ་སྐབས། གཞོན་སྐྱེས་ཚོ་དུས་རབས་ཉེར་གཅིག་པའི་མི་རབས་ཞིག་ཆགས་ཀྱི་ཡོད་པ་རེད། ངོས་རང་དང་འདིར་ཡོད་པའི་མི་སྣ་རྒན་པ་རྣམས་དུས་རབས་༢༠་པའི་ཁོངས་སུ་ཚུད་གྱི་ཡོད་པ་དང་། དུས་རབས་༢༠་ནི་འདས་ཟིན་པ་ཞིག་དང་། དེར་འགྱུར་བ་གང་ཡང་བཏོང་ཐུབ་ཐབས་མེད་པ་ཞིག་རེད། མ་འོངས་པའི་དུས་རབས་དེ་བདེ་སྐྱིད་ལྡན་པའམ་ཡང་ན་དཀའ་རྙོག་ཅན་ཞིག་བཟོ་མིན་དེ་ང་རང་ཚོའི་ལག་པར་ཡོད་དུས། ད་ལྟའི་མི་རབས་གཞོན་པ་ཚོས་གལ་ཏེ་སྤྱི་ཚོགས་བདེ་སྐྱིད་ལྡན་པ་ཞིག་བསྐྲུན་རྒྱུའི་ཆེད་དུ་འབད་བརྩོན་གནང་པ་ཡིན་ན་ངའི་བསམ་པར་དུས་རབས་འདིའི་ནང་ང་ཚོས་འཛམ་གླིང་འདིའི་ཐོག་འགྱུར་བ་གཏོང་ཐུབ་ཀྱི་རེད་ཅེས་དང་།
དེ་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། མི་རབས་གཞོན་པ་ཚོས་འཛམ་གླིང་འདིའི་ནང་གི་མི་དུང་ཕྱུར་༧༠་ལྷག་ཡོད་པར་ཆོས་དང་། རིག་གཞུང་སྐད་ཡིག་སོགས་མི་འདྲ་བ་ཡོད་མིན་ལ་མ་བལྟོས་བར་ང་ཚོ་ཚང་མ་ཁྱིམ་ཚང་གཅིག་དང་། འགྲོ་བ་མིའི་རིགས་གཅིག་གྱུར་གྱི་འདུ་ཤེས་དགོས་པ་དང་། ལྷག་པར་དུ་ང་ཚོའི་མི་ཚེ་དེ་རང་བྱུང་ཁོར་ཡུག་ལ་བརྟེན་པ་ཞིག་ཡིན་དུས་ཚང་མས་ངེས་པར་དུ་ཁོར་ཡུག་སྲུང་སྐྱོབ་ལ་དོ་སྣང་གནང་དགོས་སྐོར་བཀའ་སྩལ་ཡོད་པ་རེད།
ཡང་༧གོང་ས་མཆོག་གིས། སྤྱིར་དེང་སང་གི་དུས་ཚོད་ནང་ཕྱི་དངོས་པོའི་འཛུགས་བསྐྲུན་ཐོག་རིན་ཐང་དང་དོ་སྣང་སྤྲོད་དགོས་པ་རེད། ཡིན་ན་ཡང་དེ་དང་མཉམ་དུ་ནང་སེམས་ཀྱི་བདེ་སྐྱིད་བསྐྲུན་ཐབས་ཀྱི་ཐབས་ལམ་རྒྱ་གར་གྱི་གནའ་བོའི་རིག་གནས་ཐོག་སློབ་གཉེར་བྱ་རྒྱུ་ནི་གལ་ཆེན་པོ་ཡིན་པ་དང་། གལ་ཏེ་ཁྱེད་རང་ཚོས་དེང་དུས་ཀྱི་ཤེས་ཡོན་དང་རྒྱ་གར་གྱི་གནའ་བོའི་རིག་གནས་ཟུང་འབྲེལ་ཐོག་སློབ་གཉེར་གནང་པ་ཡིན་ན་མི་ཚེ་ལྷིང་འཇགས་དང་།  བདེ་སྐྱིད་ལྡན་པ་ཞིག་ཡོང་ངེས་རེད་བཅས་བཀའ་བསྩལ་ཡོད་པ་རེད།
སྐབས་དེར་སློབ་ཕྲུག་ཞིག་གིས། ད་རེས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་བཀའ་སློབ་ཞུས་ནས་སེམས་འགུལ་ཆེན་པོ་ཐེབས་པ་དང་། མི་ཚེ་དོན་དང་ལྡན་པ་སྐྱེལ་རྒྱུའི་ཆེད་དུ་གནད་དོན་གསར་པ་མང་པོ་ཞིག་ཤེས་བྱུང་ལ་ལྷག་པར་དུ་ཁོང་གི་འཛམ་གླིང་ནང་ཞི་བདེ་བསྐྲུན་ཐབས་དང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་སྐོར་གསུང་ནས་ཕན་ཐོགས་ཆེན་པོ་བྱུང་ཟེར།
གོང་གི་(Spic Macay)་ཚོགས་པ་དེ་བཞིན་ཕྱི་ལོ་༡༩༧༧་ལོར་སྐུ་ཞབས་(Kiran Seth)་མཆོག་གིས་གསར་འཛུགས་གནང་པ་ཞིག་དང་། ཚོགས་པའི་དམིགས་ཡུལ་གཙོ་བོ་ནི། གཞོན་སྐྱེས་ཁྲོད་རྒྱ་གར་གྱི་ཕ་མེས་ནས་བརྒྱུད་པའི་བཟང་པོའི་ཡོན་ཏན་གོང་མཐོར་གཏོང་རྒྱུ་དང་དམངས་ཚོགས་ཁྲོད་དོ་སྣང་སྤེལ་རྒྱུ་སོགས་ཡིན་པ་རེད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།