༸གོང་ས་མཆོག་གིས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེས་དབུས་པའི་ཐའེ་ཝན་གྱི་དད་ལྡན་ཆོས་ཞུ་བ་ ༡༦ ལ་མཇལ་ཁ་སྩལ་བ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས་མུ་མཐུད་ཆོས་ཕྱོགས་ཀྱི་མཛད་འཕྲིན་ཁག་སྐྱོང་མུས་ལྟར། བཞུགས་སྒར་༸རྒྱལ་བའི་ཕོ་བྲང་དུ་བདུན་ཕྲག་རེའི་ནང་དད་ལྡན་ཆོས་ཞུ་བ་ཆིག་སྟོང་ལ་མཇལ་ཁ་སྩལ་བཞིན་ཡོད་པས། འདི་ཚེས་ ༡༢ ཉིན་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེ་ཆོས་ཀྱི་སྣང་བ་མཆོག་གིས་སྣེ་ཁྲིད་འོག་ཐའེ་ཝན་ནས་ཕེབས་པའི་དད་ལྡན་ཆོས་ཞུ་བ་ ༡༦ ནས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་མཇལ་ཁ་ཞུས་ཡོད་ཅིང་། མཇལ་ཁ་གྲུབ་མཚམས་སུ་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེ་ཆོས་ཀྱི་སྣང་བ་མཆོག་གིས་གསར་འགོད་པ་ཚོར་གསུངས་པར། དེ་རིང་མཇལ་ཁ་ཞུ་མཁན་གྱི་ཁོངས་སུ་ཐའེ་ཝན་ནང་རྟེན་གཞི་བྱས་པའི་ཏོ་ཆོས་དང་ནང་བསྟན་མཉམ་འབྲེལ་གྱི་དགོན་པ་ཞིག་གི་དགོན་བདག་ཕེབས་ཡོད་པས། གཙོ་བོ་ཁོང་ཚོས་མ་འོངས་ནང་བསྟན་དང་ཏོ་ཆོས་མཉམ་འབྲེལ་ཡོང་ཐབས། དེ་བཞིན་ཁོང་ཚོའི་མ་འོངས་ལས་དོན་རྣམས་ལམ་ལྷོང་ཡོང་ཆེད་བཞུགས་སྒར་དུ་༸གོང་ས་མཆོག་ལ་མཇལ་ཁ་ཞུས་ཡོད་པ་རེད་ཅེས་གསུངས་བྱུང་།
ཐའེ་ཝན་ནང་རྟེན་གཞི་བྱས་པའི་ཏོ་ཆོས་དང་ནང་བསྟན་མཉམ་འབྲེལ་གྱི་དགོན་པ་དེར་ཚོགས་མི་སྟོང་ཕྲག་འགའ་ཞིག་ཡོད་ཅིང་། ཁོང་ཚོས་ཇོ་ནང་གི་དུས་འཁོར་གྱི་ཉམས་ལེན་སོགས་ལ་རོགས་རམ་གནང་གི་ཡོད་ཅེས་ཇོ་ནང་༸རྒྱལ་ཚབ་རིན་པོ་ཆེ་ཆོས་ཀྱི་སྣང་མཆོག་གིས་གསུངས་བྱུང་།

ཡང་ཐའེ་ཝན་ནང་རྟེན་གཞི་བྱས་པའི་ཏོ་ཆོས་དང་ནང་བསྟན་མཉམ་འབྲེལ་དགོན་པའི་དགོན་བདག་ལྕམ་ཏེན་ནའེ་ཝན་ལགས་ཀྱིས་གསར་འགོད་པ་ཚོར་གསུངས་ན། ཐའེ་ཝན་གྱི་ཡུལ་མི་ཚོས་༸གོང་ས་མཆོག་ལ་དད་གུས་ཆེན་པ་ཡོད་པར་མ་ཟད། ཡུལ་མི་ཚོས་༸གོང་ས་མཆོག་གི་བཀའ་ཆོས་ཞུ་འདོད་ཆེན་པོ་ཡོད་རེད། ལྷག་པར་དུ་ཐའེ་ཝན་ནང་ཡོད་པའི་ཏོ་ཆོས་ཉམས་སུ་ལེན་མཁན་ཚོས་ཀྱང་༸གོང་ས་མཆོག་གི་བཀའ་ཆོས་ལ་སློབ་གཉེར་གནང་བར་མ་ཟད། དད་གུས་ཤུགས་ཆེ་གནང་གི་ཡོད་ཅེས་གསུངས་བྱུང་།
ཡང་ཁོང་གིས་མུ་མཐུད་གསུངས་པར། ཐའེ་ཝན་གྱི་ཡུལ་མི་ཚོས་༸གོང་ས་མཆོག་ཡུལ་དེར་ཆིབས་སྒྱུར་བསྐྱང་རྒྱུའི་རེ་བ་བཅང་བཞིན་ཡོད་པར་མ་ཟད། དེ་སྔ་༸གོང་ས་མཆོག་ཡུལ་དེར་ཆིབས་སྒྱུར་བསྐྱངས་སྐབས་ཡུལ་མི་མང་པོས་མཇལ་ཁ་དང་གསུང་ཆོས་ཞུས་པ་རེད། སོང་ཙང་། ཐའེ་ཝན་གྱི་ཡུལ་མི་ཚོས་༸གོང་ས་མཆོག་གི་ཆིབས་སྒྱུར་ལ་རེ་སྒུག་བྱེད་བཞིན་ཡོད་པ་རེད་ཅེས་གསུངས་བྱུང་།
གཞི་རྩའི་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཐའེ་ཝན་ནང་ཕྱི་ལོ་ ༡༩༩༧། ༢༠༠༡། ༢༠༠༩ བཅས་ལ་ཆིབས་སྒྱུར་བཀའ་དྲིན་བསྐྱངས་ཡོད་པ་རེད།
གསར་འགོད་པ། ཡེ་ཤེས་ཟླ་བ།
རྩོམ་སྒྲིག་པ། ཡེ་ཤེས་ཟླ་བ།
དྲྭ་ཐོག་སྤེལ་མཁན། ཡེ་ཤེས་ཟླ་བ།