སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་མཚོན་དོན་བརྟན་བཞུགས་བསྟར་འབུལ་ཞུ་ཡུལ་གཏན་འཁེལ་བྱུང་འདུག
* གནས་ཚུལ་ཁ་སྣོན། ༠༨།༡༢།༢༠༢༤
བྱང་ཨ་རིའི་བོད་མི་ཡོངས་དང་། སོག་པོ། ཧི་མ་ལ་ཡའི་རི་རྒྱུད་ཁུལ་གྱི་མི་མང་། ཕྱི་རྒྱལ་བ་བཅས་ཀྱིས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ཨ་རིར་བཞུགས་གདན་འཇགས་རིང་མཚོན་དོན་བརྟན་བཞུགས་འབུལ་འཐུས་ཆོག་པ་དང་། མང་ཚོགས་ལ་ཞལ་མཇལ་གསུང་ཐོས་ཀྱི་སྐལ་བཟང་གོ་སྐབས་གསོལ་སྩལ་ཡོང་བའི་གསོལ་འདེབས་ཞུས་པར་ཞལ་བཞེས་ཐོབ་སྟེ། ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༢༢ ཉིན་གྱི་སྔ་དྲོ་ཕྱག་ཚོད་དགུ་པ་ནས་བཅུ་པ་བར་ནིའུ་ཡོག་གི་ (UBS Arena) ཞེས་པའི་ལུས་རྩལ་ཚོགས་ཁང་ཆེན་པོ་ཞིག་ཏུ་མཚོན་དོན་བརྟན་བཞུགས་འབུལ་གནང་རྒྱུ་ཐུགས་གཏན་འཁེལ་ཡོད་པ་དང་། ཉིན་དེའི་ཞོགས་པ་ཆུ་ཚོད་ག་ཚོད་ལ་ཚོགས་ཁང་སྒོ་ཕྱེ་རྒྱུ་དང་། སྒོ་འཛིན་ཚོང་འགྲེམས་སོགས་རྗེས་ལ་གང་མགྱོགས་གསལ་བསྒྲགས་གནང་རྒྱུ་ཡིན་པ་བྱང་ཨ་རིའི་སྐུ་ཚབ་དོན་གཅོད་ཁང་ནས་གསུངས་འདུག
ཕྱི་ལོ་ ༢༠༢༤ ཟླ་ ༨ ཚེས་ ༥ ཉིན་ཨ་རིའི་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་ནས་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲྭ་རྒྱ་སོགས་བརྒྱུད་གནས་ཚུལ་སྤེལ་བ་ལྟར་ན། ནིའུ་ཡོག་གི་དམིགས་བསལ་གཤགས་བཅོས་སྨན་ཁང་ (Hospital for Special Surgery) གི་དར་མའི་ལུས་པོ་བསྐྱར་བཟོ་དང་རུས་ཚིགས་གཤགས་བཅོས་ཚན་པའི་འགན་འཛིན་སྨན་པ་ཌེཝིཌ་མེ་མེན་ལགས་ (Dr. David Mayman) གཟའ་མཇུག་ཏུ་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོའི་སྐུ་མདུན་དུ་བཅར་ཏེ། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་ལ་བརྟག་དཔྱད་ཞུས་པ་དང་། ཞབས་འགུལ་སྐྱོད་གནང་སྟངས་ལ་ཞིབ་འཇུག་གནང་རྗེས། སྨན་པ་ཁོང་གིས། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་གཟུགས་དྭངས་སྐྱེད་ཡག་པོ་ཡོང་བཞིན་འདུག་ལ། ཞབས་པུས་འགུལ་སྐྱོད་སླར་གསོའི་སྦྱོང་བརྡར་ལ་འབད་བརྩོན་ཆེན་པོ་གནང་བཞིན་ཡོད་པ་ལྟར། ཡར་རྒྱས་ཆེན་པོ་ཡོང་བཞིན་འདུག་པས། ད་དུང་ཟླ་བ་དྲུག་ནས་བཅུ་གཉིས་བར་མུ་མཐུད་དུ་དེ་ལྟར་དྭངས་སྐྱེད་ཡག་པོ་ཡོང་བའི་འབད་བརྩོན་གནང་དགོས་པའི་གསོལ་འདེབས་ཞུས་ཡོད་ཅིང་། ད་བར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཁམས་ལ་ཡར་རྒྱས་ཆེན་པོ་བྱུང་ཡོད་པ་དང་། མུ་མཐུད་ལོ་གཅིག་ནང་ཡར་རྒྱས་ཡོང་བའི་རེ་བ་ཞུ་བཞིན་ཡོད། ཅེས་གསུངས་པ་འཁོད་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ད་ལྟ་བཞུགས་གདན་འཇགས་ཡུལ་ཨ་རིའི་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་ས་གནས་སཡེ་ར་ཁསི་(Syracuse) དུ་ཟླ་རེར་ཚེས་༡ནམ་ཡིན་ལ་དཔལ་ལྡན་ལྷ་མོའི་ཚེས་གཏོར་འབུལ་བཞིན་ཡོད་པ་འགྲེལ་བཤད་དང་སྦྲགས་སྐུ་པར་ཞིག་འགྲེམས་སྤེལ་གནང་འདུག
ཕྱི་ཟླ་ ༦ ཚེས་ ༢༨ ཉིན་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཤགས་བཅོས་ལེགས་གྲུབ་བྱུང་རྗེས་ད་སྐབས་ཨ་རིའི་ནིའུ་ཡོག་མངའ་སྡེའི་བྱང་ཕྱོགས་ས་གནས་སཡེ་ར་ཁསི་ (Syracuse) ལ་ཆིབས་བསྒྱུར་གྱིས་ཞབས་པུས་འགུལ་སྐྱོད་སླར་གསོའི་སྦྱོང་བརྡར་དང་མཉམ་སྐུ་ངལ་གསོ་བཞིན་ཡོད་པ་རེད།
ཡང་ཕྱི་ལོ་ ༢༠༢༤ ཟླ་ ༧ ཚེས་ ༢༤ ཉིན་དཔལ་ལྡན་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཞབས་པུས་གཤགས་བཅོས་ཀྱི་རྗེས་སུ་ཉིན་རེ་ནས་ཉིན་རེ་སྐུ་ཁམས་ཇེ་ལེགས་སུ་ཕེབས་ཀྱི་ཡོད་པ་དང་། ཞབས་པུས་དྭངས་སྐྱེད་ཀྱི་མྱུར་ཚད་བློ་ཁ་ཚིམ་པ་ཞིག་འོང་གི་འདུག་ཅེས་འབྲེལ་ཡོད་ཀྱི་སྨན་པ་དང་བླ་སྨན་པ་རྣམ་གཉིས་ཀྱིས་གསུངས་འདུག
གསར་འགོད་པ། བདེ་སྐྱིད་ཀུན་སྒྲོལ། ཀླུ་འབུམ། བཀྲ་ཤིས་དབང་ཕྱུག
རྩོམ་སྒྲིག་པ། བསྟན་འཛིན་པདྨ། བཀྲ་ཤིས་དབང་ཕྱུག
དྲྭ་ཐོག་རྩོམ་སྒྲིག་པ། བཀྲིས་དབང་ཕྱུག
དྲྭ་ཐོག་སྤེལ་མཁན། ཀླུ་འབུམ། བསྟན་འཛིན་པདྨ།