༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་བསྒྲུབ་བྱ་ ༥༡ ལ་དགེ་སློང་གི་སྡོམ་པ་སྩལ་བ་དང་སྦྲགས། རྗེས་འཇུག་སློབ་མ་རྣམས་ནས་སྡོམ་ཁྲིམས་ཚུལ་བཞིན་སྲུང་དགོས་པའི་བཀའ་ཕེབས་འདུག
དེ་རིང་ཕྱི་ཟླ་ ༣ ཚེས་ ༡༢ རེས་གཟའ་ལྷག་པའི་ཉིན་བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བ་ཀུ་ལ་རིན་པོ་ཆེའི་ཡང་སྲིད་མཆོག་སྤུལ་རིན་པོ་ཆེ་དང་གུང་འབར་ཆེ་ཚང་རིན་པོ་ཆེ་གཙོས་ས་ཕྱོགས་གང་ས་ནས་ཕེབས་པའི་དགེ་འདུན་པ་ ༥༡ ཙམ་ལ་བསྙེན་རྫོགས་དགེ་སློང་གི་སྡོམ་པ་སྩལ་གནང་མཛད་པ་འབྲེལ་མགོན་པོ་གང་ཉིད་ནས་སྡོམ་པ་ཉམས་བཞེས་གནང་ཚུལ་དང་། རྗེས་འཇུག་སློབ་མ་ཚོས་བསླབ་པ་གསུམ་གྱི་ཉམས་ལེན་གནང་ཚུལ་སྐོར་ལམ་སྟོན་མཛད་འདུག
དེ་རིང་གི་དགེ་སློང་གི་སྡོམ་པ་འབོགས་ཆོག་དང་འབྲེལ་ཏེ་སྐུ་བཅར་རྣམ་རྒྱལ་གྲྭ་ཚང་གི་དགེ་བཤེས་བློ་བཟང་གྲགས་པ་ལགས་ཀྱིས་གསུངས་དོན། དེ་རིང་བ་ཀུ་ལ་རིན་པོ་ཆེ་གཙོས་བསྒྲུབ་བྱ་ ༥༡ ལ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་པ་སྩ་གནང་མཛད་ཡོད་པ་དང་། སྐབས་དེར་མགོན་པོ་མཆོག་གིས་སྡོམ་ཁྲིམས་ཉམས་བཞེད་ཇི་ལྟར་མཛད་ཀྱི་ཡོད་པ། མ་འོངས་པར་སློབ་མ་རྣམས་ནས་ཀྱང་བསླབ་པ་གསུམ་གསུམ་གྱི་ཉམས་ལེན་ཇི་ལྟར་བྱེད་ཚུལ་མཚོན་པའི་ཐོས་བསམ་སྒོམ་གསུམ་གནང་དགོས་པའི་བཀའ་སློབ་གལ་ཆེ་སྩལ་གནང་མཛད་ཡོད་པ་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་གསུངས་བྱུང་།
གཞན་ཡང་དེ་རིང་དགེ་སློང་སྒྲུབ་མཁན་གྱི་ཁྲོད་སྨད་རྒྱུད་གྲྭ་ཚང་ནས་ཡིན་པ་དགེ་སློང་ཟླ་བ་ཚེ་རིང་ལགས་ཀྱིས། སངས་རྒྱས་ཀྱི་བསྟན་པ་ཕྱོགས་དང་གནས་སྐབས་ཀུན་ཏུ་དར་ཞིང་རྒྱས་ཏེ་ཡུན་རིང་གནས་དགོས་ན། དགེ་འདུན་གྱི་སྡེ་ལ་རག་ལས་པ་དང་། དགེ་འདུན་པའི་སྡེ་དེ་ཡང་འདུལ་བ་ལ་ཁུངས་གཏུག་དགོས་པས། འདུལ་བ་ལས་དགེ་སློང་གི་སྡོམ་པ་ནི་རྩ་ཆེ་ཤོས་ཤིག་ཆགས་ཏེ་ད་ལན་དགེ་སློང་གི་སྡོམ་པ་ཞུས་གྲུབ་པ་དང་། ཞུ་སའི་ཡུལ་དེའང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་མདུན་ནས་ཞུ་ཐུབ་པ་དེ་ལས་བསྐལ་བཟང་གི་ཉིན་མོ་ཞིག་མ་འོངས་མི་ཚེའི་ནང་འབྱུང་ཁག་པོ་ཡིན་པར་བརྟེན། སེམས་ནང་དགའ་སྤྲོ་དང་སྡོམ་པ་དམ་ཚིག་ཡག་པོ་སྲུང་དགོས་རྒྱུ་ཧ་ཅང་གལ་ཆེན་དུ་མཐོང་གི་ཡོད་པ་འགྲེལ་བརྗོད་གནང་གི་འདུག ཡང་ཁོང་གིས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ང་ཚོར་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་འདི་ཐོབ་པ་བསྐལ་བ་བཟང་པོ་ཡིན་པ་དང་།དགེ་སློང་གི་སྡོམ་པ་ཞུས་ཏེ་གཙོ་ཆེར་སེམས་ཅན་གྱི་དོན་བྱེད་དགོས་པའི་བཀའ་སློབ་ཕེབས་ཞེས་ཀྱང་འགྲེལ་བརྗོད་གནང་གི་འདུག
དེ་བཞིན་དགའ་ལྡན་ཤར་རྩེ་ནས་ཡིན་པའི་དགེ་སློང་གྲགས་པ་སྐལ་བཟང་ལགས་ཀྱིས་ཁོང་དགུང་ལོ་ ༨ གྱི་ཐོག་ནས་རབ་ཏུ་བྱུང་ཏེ་དགའ་ལྡན་ཤར་རྩེར་སློབ་གཉེར་གནང་བཞིན་ཡོད་པ་དང་། དེ་རིང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་དྲུང་ནས་དགེ་སློང་གི་སྡོམ་པ་ཞུ་རྒྱུ་བྱུང་བར་ཧ་ཅང་སྐྱིད་པོ་བྱུང་བ་མ་ཟད། ༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དགེ་སློང་གི་སྡོམ་པ་གཙང་མ་བསྲུང་དགོས་པ་དང་མ་འོངས་པར་ལས་དོན་གང་ཞིག་སྒྲུབ་ཀྱང་རང་ཉིད་དགེ་སློང་ཞིག་ཡིན་པའི་འདུ་ཤེས་འཛིན་པའི་ཐོག་ནས་གནང་དགོས་པའི་བཀའ་སློབ་སྩལ་གནང་ཡོད་པ་གསུངས་བྱུང་།
གཞི་རྩེའི་ཟླ་བ་འདིའི་ཕྱི་ཚེས་ ༡༡ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་དང་བོད་མི། ཧི་མ་ལ་ཡའི་རི་བརྒྱུད་བཅས་ཀྱི་བསྒྲུབ་བྱ་ཕོ་མོ་ ༧༥ ལ་དགེ་ཚུལ་གྱི་སྡོམ་པ་སྩལ་གནང་མཛད་ཡོད་པ་དང་། དེ་རིང་དགེ་འདུན་པ་ ༥༡ ལོ་བསྙེན་པར་རྫོགས་པའི་དགེ་སློང་གི་སྡོམ་སྩལ་གནང་ཡོད་ལ། སང་ཉིན་ཕྱི་ཚེས་ ༡༣ ཉིན་ཡང་དགེ་འདུན་པ་ཁག་ཅིག་ལ་དགེ་སློང་གི་སྡོམ་པ་སྩལ་གནང་རྒྱུ་རེད་འདུག །
གསར་འགོད་པ། རྡོ་རྗེ་སྒྲོལ་མ།
རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་།
དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ།