༧གོང་ས་མཆོག་ཨ་རིའི་ནིའུ་ཇེར་སིར་ཞབས་སོར་འཁོད་འདུག

2014-10-28
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་གིས་Princetonམཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་མང་ཚོགས་ལ་བཀའ་སློབ་གནང་བཞིན་པ། ༢༠༡༤།༡༠།༢༨
༧གོང་ས་མཆོག་གིས་Princetonམཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་མང་ཚོགས་ལ་བཀའ་སློབ་གནང་བཞིན་པ། ༢༠༡༤།༡༠།༢༨
དྲ་བཤུས

༧གོང་ས་མཆོག་གིས་ཨ་རིའི་ལྷོ་ཕྱོགས་ཀྱི་མཛད་འཆར་ཁག་ལེགས་གྲུབ་ནས་ཤར་ཕྱོགས་ནིའུ་ཇེར་སིར་ཞབས་སོར་འཁོད་གནང་འདུག
དེ་ཡང་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་ཕྱི་ཟླ་༡༠ཚེས་༢༨ཉིན་ Princetonམཐོ་རིམ་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་བྱམས་བརྩེ་གོང་འཕེལ་གཏོང་ཐབས་དང་འབྲེལ་བའི་མང་ཚོགས་ལ་བཀའ་སློབ་གནང་བ་དང་། དེ་རྗེས་གྲགས་འདེམས་ཞུས་པའི་སློབ་མ་ཁག་གཅིག་དང་ལྷན་དུ་བགྲོ་གླེང་མཛད་རྒྱུ་ཡིན་པ་རེད།
མཐོ་རིམ་སློབ་གྲྭ་འདིའི་ཆོས་ལུགས་སྡེ་ཚན་དང་ཆོས་ཁང་གི་སྤྱི་ཁྱབ་པ་Alison Bodenགྱིས་མི་འགའ་རེས་༧གོང་ས་ཏཱ་ལའི་བླ་མ་མཆོག་ནི་ཆོས་ལུགས་ཀྱི་དབུ་ཁྲིད་གལ་ཆེ་ཞིག་ཏུ་མཇལ་གྱི་ཡོད་ཅིང་། ཡང་འགའ་རེས་ཁོང་ནི་བོད་མིའི་བདེ་དོན་དྲང་བདེན་གྱི་ཐོག་ནས་འཐབ་རྩོད་གནང་མཁན་ཞིག་ཏུ་མཇལ་གྱི་ཡོད། ཡང་འགའ་ཤས་ཀྱིས་ནི་ཁོང་འཛམ་གླིང་ནང་གི་ཁོར་ཡུག་དང་ཆོས་ལུགས་མཐུན་བསྒྲིལ། སྤྱི་ཚོགས་ཞབས་ཞུ་སོགས་གལ་འགངས་ཆེ་བའི་གནད་དོན་མང་དག་ཞིག་གི་མགྲིན་ཚབ་པ་ལྟ་བུར་མཇལ་གྱི་ཡོད་པར་བརྟེན། ང་ཚོས་ཏཱ་ལའི་བླ་མ་མཆོག་གི་གསུང་བཤད་ཉན་མཁན་ཚང་མར་དོན་སྙིང་ལྡན་པའི་ཤུགས་རྐྱེན་གཏིང་ཟབ་ཞིག་ཐེབ་པའི་རེ་བ་ཡོད་པར་མ་ཟད། ཁོང་གི་འཚམས་གཟིགས་འདིའི་ཐོག་ནས་ཆོས་ལུགས་མཐུན་བསྒྲིལ་དང་མཉམ་འབྲེལ་གྱི་རང་བཞིན་ཇེ་ཆེར་འགྲོ་རྒྱུའི་རེ་བ་ཆེན་པོ་ཡོད་ཅེས་གསུངས་འདུག
དེ་རིང་ཉིན་རྒྱབ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དབུ་ཞུགས་ཐོག་Princetonམཐོ་རིམ་སློབ་གྲྭ་འདིའི་སློབ་མ་གྲགས་གྲས་དང་དགེ་ལས་གྲགས་འདེམས་ཞུས་པའི་མཐོ་རིམ་སློབ་གྲྭ་འདིའི་རྩ་འཛིན་ལྟ་གྲུབ་རྒྱལ་ཁབ་ཀྱི་ཆེད་དུ་སྲིད་ཞུ་དང་། འཛམ་གླིང་ཆེད་ཞབས་ཞུ་ཅེས་པའི་བརྗོད་གཞིའི་སྟེང་བགྲོ་གླེང་མཛད་རྒྱུ་ཡིན་ཞིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཞུགས་ཀྱི་བགྲོ་གླེང་དེ་གྲུབ་རྗེས་སློབ་ཕྲུག་ནང་ཁུལ་བགྲོ་གླེང་མུ་འཐུད་བྱེད་རྒྱུ་ཡིན་འདུག ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་མང་ཚོགས་ཀྱི་བཀའ་སློབ་དང་བགྲོ་གླེང་གི་མཛད་འཆར་གཉིས་ཀ་www.mediacentrallive.princeton.eduདྲ་རྒྱའི་ཐོག་ཐད་གཏོང་ཞུ་རྒྱུ་མ་ཟད། བགྲོ་གླེང་དེའི་ནང་ཨ་རིའི་ཤར་ཕྱོགས་ཀྱི་མཐོ་རིམ་སློབ་གྲྭ་གཞན་ཁག་གི་སློབ་མ་བཞི་བརྒྱ་ཙམ་ཡང་དྲ་རྒྱའི་ཐོག་མཉམ་ཞུགས་བྱ་རྒྱུ་ཡིན་འདུག

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།