མི་ཚེ་ཞུམ་ནས་མ་བསྡད་པར་སེམས་ཞི་བའི་ངང་རེ་བ་མ་བརླག་པ་བྱས་ན་དཀའ་ངལ་ལ་གདོང་ལེན་གནང་ཐུབ། ༧གོང་ས་མཆོག་གིས།

2021-05-19
Share
མི་ཚེ་ཞུམ་ནས་མ་བསྡད་པར་སེམས་ཞི་བའི་ངང་རེ་བ་མ་བརླག་པ་བྱས་ན་དཀའ་ངལ་ལ་གདོང་ལེན་གནང་ཐུབ། ༧གོང་ས་མཆོག་གིས། བོད་ཀྱི་དབུ་ཁྲིད་༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་མོལ་གནང་སྐབས། ༥།༡༩།༢༡
OHHDL

ང་ཚོའི་མི་ཚེ་ནི་རེ་བར་གཞིར་བཞག་གིས་འཚོ་བཞིན་པས་བྱམས་པ་དང་བརྩེ་བས་ང་ཚོར་རེ་བ་ཞིག་སྟེར་གྱི་ཡོད་སྟབས་རེ་བ་མ་བརླག་ན་དཀའ་ངལ་ལ་གདོང་ལེན་གནང་ཐུབ་པ་༧གོང་ས་མཆོག་གིས་རྩོམ་པ་པོ་གྲགས་ཅན་པི་ཀོ་ཨ་ཡེར་ལགས་དང་ལྷན་བཀའ་མོལ་སྐབས་སུ་བཀའ་བསྩལ་ཡོད།
ཨ་མི་རི་ཀའི་ཁཱ་ལེ་ཧྥོར་ནི་ཡ་སན་ཏཱ་བྷར་བྷི་རཱ་གཙུག་ལག་སློབ་ཆེན་གྱིས་སྒྱུ་རྩལ་དང་གཏམ་བཤད་ཀྱི་ལམ་ནས་རེ་བ་བསྐྲུན་པ་ཞེས་པའི་ལས་རིམ་ཞིག་འགོ་འཛུགས་གནང་བཞིན་པར། ལས་རིམ་དབུ་འབྱེད་དུ་བོད་མིའི་དབུ་ཁྲིད་༧གོང་ས་མཆོག་གིས་རེ་བ་བསྐྲུན་ཐབས་ཀྱི་བརྗོད་གཞིའི་ཐོག དབྱིན་ཇིའི་མི་སེར་རྒྱ་གར་གྱི་རིགས་རྒྱུད་ཡིན་པ་རྩོམ་པ་བོ་གྲགས་ཅན་པི་ཀོ་ཨ་ཡེར་(Pico Iyer)་དང་ལྷན་སྤྱི་ཟླ་༥པའི་ཚེས་༡༩་ཉིན་དྲ་ལམ་བརྒྱུད་བཞུགས་སྒར་ཕོ་བྲང་ནས་བཀའ་མོལ་གནང་སྐབས། ང་ཚོ་སྐྱེས་ཙམ་ཉིད་ནས་བཟང་ཕྱོགས་སུ་རེ་བ་བརྒྱབ་བསྡད་ཡོད་པ་དང་། གཙོ་བོ་ང་ཚོ་ཨ་མའི་མངལ་དུ་ཡོད་སྐབས་ཚུན་ནས་བཟུང་། ཨ་མའི་སེམས་ཞི་ལྷོད་དུ་གནས་པ་དང་ཁོང་ཁྲོ་མེད་པ་སོགས་ཀྱིས་མངལ་དུ་བཟུང་བའི་ཕྲུག་གུ་ལ་ཤུགས་རྐྱེན་ཐེབས་ཀྱི་ཡོད་པས། སེམས་ཀྱི་ཞི་བདེ་ནི་ཧ་ཅང་གལ་ཆེན་པོ་དང་། དེ་ཡང་རེ་བ་ལ་ཤུགས་ཆེར་བརྟེན་བསྡད་པ་ཞིག་རེད། རེ་བ་ནི་འབྱུང་འགྱུར་ལ་བྱེད་བཞིན་པ་དང་འབྱུང་འགྱུར་ལ་གདེང་ཚོད་འཁེལ་བ་ཞིག་མེད་ནའང་། རེ་བ་མ་བརླག་ན་ཡག་པོ་ཡོད། ཞུམ་བསྡད་པ་དེས་ང་ཚོའི་ནུས་པ་ཆ་ཚང་འདོན་མི་ཐུབ་པར་གནོད་ཚབས་ཆེན་པོ་ཡོང་གི་ཡོད་པས། རེ་བ་མི་བརླག་པ་དང་བློ་སྟོབས་མི་ཉམས་རྒྱུ་དེ་ཧ་ཅང་གིས་གལ་ཆེན་པོ་རེད། དཀའ་ངལ་ཅི་ཙམ་ཡོད་མིན་ལ་མ་ལྟོས་པར་རེ་བ་མ་བརླག་པར་བསྡད་ན་དཀའ་ངལ་སེལ་ཐུབ་པ་ཞིག་རེད། དཀའ་ངལ་ཆུང་ཆུང་ཞིག་ལའང་སེམས་ཞུམ་ནས་རེ་བ་བརླག་བསྡད་ན། དེ་ནི་དངོས་གནས་དཀའ་ངལ་དང་ཆག་སྒོ་མང་པོ་ཞིག་ལ་གདོང་ཐུག་བྱུང་བ་ཡིན་པར་བརྟེན་གནད་འགག་ཐུག་ས་ནི་རེ་བ་རེད། རེ་བ་ནི་སྙིང་རྗེ་དང་བྱམས་བརྩེ། དྲང་པོ་དང་བདེན་པ་བཅས་ལ་ཤུགས་ཆེར་འབྲེལ་བསྡད་པ་ཞིག་རེད་ཅེས་བཀའ་གནང་ཡོད།
ཡང་༧གོང་ས་མཆོག་ལ་ད་ལོ་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་དཀའ་ངལ་འདིར་རེ་བ་མ་བརླག་པར་གདོང་ལེན་གནང་སྟངས་བཀའ་འདྲི་ཞུས་པར། ༧གོང་ས་མཆོག་གིས། སྨན་པ་དང་ཚན་རིག་པ། སྨན་ཞབས་པ་མང་པོ་ཞིག་གིས་དངོས་གནས་དྲང་གནས་གཞན་ལ་རོགས་ཕན་དང་ནད་ཡམས་དང་འབྲེལ་བའི་ཕྱག་ལག་གནང་བཞིན་པར། ངོས་ནས་རྗེས་སུ་ཡི་རང་དང་ངོ་མཚར་ཆེན་པོར་བརྩིས་ཀྱི་ཡོད། ཡིན་ནའང་། ནང་པ་ཞིག་ཡིན་པའི་ཆ་ནས་གཞི་རྩ་ང་ཚོའི་སྡུག་བདེན་གྱི་ཕུང་པོ་འདི་ནི་ནད་སྣ་ཚོགས་ཀྱི་རྟེན་གཞི་ཆགས་ཀྱི་ཡོད་ཅིང་། ནང་པའི་སེམས་ཁམས་རིག་པའི་ངོས་ནས་བསམས་ན། སེམས་ཀྱི་ཞི་བདེ་ཡིས་ནད་ཡམས་སྐབས་ཁྱད་པར་གང་འཚམས་རེ་ཡོང་གི་ཡོད་སྙམ། ནད་ཡམས་འགོས་ཚུན་སེམས་འཁྲུག་བསྡད་པ་ཤུགས་ཆེར་བྱུང་ན་ནད་ཇེ་སྡུག་ཏུ་གཏོང་ཉེན་ཡོད་པ་དང་། གལ་ཏེ་ནད་ཡམས་དེ་སོ་སོར་འགོས་པའི་དབང་དུ་བཏང་ནའང་། དེ་ནི་རང་རང་གི་ལས་ཀྱི་རྣམ་སྨིན་དུ་བསམས་ཏེ་སེམས་ལྷོད་ལ་བབས་ན། རང་གི་སེམས་ནང་གདེང་ཁེལ་བ་ཞིག་དང་ཁྱད་པར་གང་འཚམས་ཡོང་གི་རེད། དེ་བས་ནད་ཡམས་ཀྱི་སྐབས་འདིར་སེམས་ཀྱི་ཞི་བདེ་ཡིས་ཁྱད་པར་གང་འཚམས་རེ་ཡོང་གི་རེད་སྙམ་ཞེས་བཀའ་གནང་སོང་།
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་རྩོམ་པ་པོ་གྲགས་ཅན་པི་ཀོ་ཨ་ཡེར་ལགས་སུ་བཅར་འདྲི་ཞུས་སྐབས། ཁོང་གིས། རྒྱ་གར་ནང་ནད་ཡམས་ཁྱབ་གདལ་ཀྱི་དཀའ་ངལ་ཆེན་པོ་ཡོད་སྐབས་འདིར། ང་རང་གི་ནང་མི་ཕལ་ཆེ་བ་དང་གྲོགས་ཕོ་མོ་མང་པོ་ཞིག་རྒྱ་གར་ནང་ཡོད་ཀྱང་ང་ཚོ་ཕྱི་རྒྱལ་དུ་ཐབས་ཟད་ནུས་མེད་དུ་གྱུར་ཡོད་པས། ༧གོང་ས་མཆོག་ཐུགས་ཧ་ཅང་ཞི་ལྷོད་དང་ཐུགས་རིག་གྲུང་ཤ་དོད་པའི་ངང་བཞུགས་ཡོད་པ་མཇལ་བ་ཙམ་གྱིས་སེམས་བདེ་ལ་བབས་བྱུང་ཞིང་། ༧གོང་ས་མཆོག་གིས་དཀའ་ཉེན་གྱི་དུས་འདིར་སེམས་ལྷོད་ལ་འབབ་པ་དང་སེམས་ཀྱི་ཞི་བདེ་དགོས་རྒྱུ་གལ་གནད་ཆེ་ཤོས་ཡིན་པ་ལས། སེམས་ནང་རྔམ་སྐྲག་དང་འཇིགས་སྣང་འཚབ་འཚུབ་སོགས་བྱས་པས་གནས་སྟངས་ཇེ་སྡུག་གི་གཏོང་གི་རེད་ཅེས་གསུངས་པ་དེས། ང་ལ་སེམས་འགུལ་ཆེན་པོ་ཐེབས་བྱུང་བ་འགྲེལ་བརྗོད་གནང་གི་འདུག
ཡང་རྩོམ་པ་བོ་པི་ཀོ་ཨ་ཡེར་ལགས་ཀྱིས། ༧གོང་ས་མཆོག་གིས་སེམས་ཧ་ཅང་སྐྱོ་དགོས་པའི་གནས་སྟངས་མང་པོ་ཞིག་ཡང་དང་བསྐྱར་དུ་བརྒྱུད་དགོས་བྱུང་ཡོད་ནའང་། བཙན་བྱོལ་དུ་ཕེབས་ནས་མི་ལོ་༦༢་རིང་ཁོང་གིས་ཡང་དང་བསྐྱར་དུ་འཛམ་གླིང་ལ་རེ་བ་སྤྲད་ཡོད་པས། ང་རང་གི་མི་ཚེའི་ནང་དཀའ་ངལ་ཆེ་ཤོས་ཀྱི་གནས་སྐབས་དེར་ལས་སླ་ཤོས་ཀྱི་ལམ་ནས་གདོང་ལེན་བྱེད་ཐུབ་པ་བྱུང་། ༧གོང་ས་མཆོག་ནི་ང་ཚོ་སུས་ཀྱང་མྱངས་མ་མྱོང་བའི་དཀའ་སྡུག་མང་པོ་མྱངས་མྱོང་བའི་མི་ཞིག་ཡིན་ནའང་། ད་དུང་གདེང་ཁེལ་བའི་ཐོག་ནས་བཞད་མོ་བཞད་བཞིན་ཁོང་གི་གདེང་ཚོད་དང་རེ་བ་འཛམ་གླིང་ལ་བརྒྱུད་སྤེལ་གནང་གི་ཡོད་ལ། རྩོམ་པ་པོ་ཁོ་རང་གི་མི་ཚེའི་ནང་དཀའ་ངལ་གདོང་ལེན་བྱེད་པར་ཕན་ཐོགས་ཆེན་པོ་བྱུང་བ་འགྲེལ་བརྗོད་གནང་གི་འདུག
༧གོང་ས་མཆོག་གིས་ཨ་རིའི་ཁ་ལེ་ཧྥོར་ནི་ཡ་སཱན་ཏཱ་བྷར་བྷི་ར་སློབ་ཆེན་དུ་བཀའ་སློབ་གནང་ཐེངས་ལྔ་བ་དེ་ཆགས་ཀྱི་ཡོད་ཁར། སྤྱི་ལོ་༢༠༠༩་ལོར་༧གོང་ས་མཆོག་སློབ་ཆེན་དེར་ཆིབས་བསྒྱུར་གནང་སྐབས། ༧གོང་ས་མཆོག་ལ་ཆེ་མཐོང་མཚོན་པར་ཁོང་གི་མཚན་ཐོག་ནས་བོད་ཀྱི་ནང་ཆོས་དང་རིག་གཞུང་ལ་སློབ་གཉེར་གྱི་དགེ་རྒན་ཆེན་མོ་བསྐྱེད་སྲིང་གི་ས་མིག་ཅིག་ཀྱང་བཟོས་གནང་ཡོད་པ་རེད།
དབྱིན་ཇིའི་རྒྱལ་ཁབ་ནང་རྒྱ་གར་གྱི་རིགས་རྒྱུད་དུ་འཁྲུངས་པའི་རྩོམ་པ་བོ་གྲགས་ཅན་(Siddharth Pico Raghavan Iyer)་ལགས་ནི། དབྱིན་ཇིའི་སྐད་ཡིག་ནང་བརྩམས་ཆོས་མང་པོ་ཡོད་པའི་རྩོམ་པ་བོ་ཞིག་ཡིན་པ་མ་ཟད། ཁོང་གིས་༧གོང་ས་མཆོག་གི་མཛད་འཕྲིན་དང་འབྲེལ་བའི་ཕྱག་དེབ་(Open Road)་འམ་སྒོ་ཕྱེས་པའི་ལམ་ཟེར་བ་ཞིག་ཀྱང་བརྩམས་མྱོང་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།