འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ང་ཚོ་ཚང་མར་འགན་ཡོད། ༧གོང་ས་མཆོག་གིས།

2022.09.23
Share on WhatsApp
Share on WhatsApp
འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ལྡན་པའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུ་ང་ཚོ་ཚང་མར་འགན་ཡོད། ༧གོང་ས་མཆོག་གིས། ༧གོང་ས་མཆོག་གིས་འཛམ་གླིང་གི་ཡུལ་ལུང་ཁག་བཅུ་གཉིས་ཀྱི་གཞོན་སྐྱེས་ཞི་བདེའི་ལས་དོན་པ་རྣམས་དང་ལྷན་བགྲོ་གླེང་གནང་སྐབས། ༠༩།༢༣།༢༠༢༢
OHHDL

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་ཨ་མི་རི་ཀར་རྟེན་གཞི་བྱས་པའི་ཞི་བདེའི་ལྟེ་གནས་ཁང་(United States Institute of Peace)་གིས་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན། སྤྱི་ཟླ་༩ཚེས་༢༢ནས་༢༣བར་ཉིན་གྲངས་གཉིས་ཀྱི་རིང་རྩོད་རྙོག་གི་ཤུགས་རྐྱེན་ཐེབས་པའི་རྒྱལ་ཁབ་ཁག་༡༢ནས་ཞི་བདེ་དང་འབྲེལ་བའི་ལས་དོན་སྤེལ་མཁན་གཞོན་སྐྱེས་༢༦དང་ལྷན་དུ་ཞི་བདེའི་དོན་དུ་ལས་དོན་གཉེར་ཕྱོགས་དང་། བསམ་བློའི་འཁྱེར་སྟངས། བྱམས་བརྩེ་གོང་འཕེལ། དེ་བཞིན་སོ་སོའི་ལོ་རྒྱུས་དང་མྱོང་ཚོར་ཞེས་པ་སོགས་ཀྱི་བརྗོད་གཞིའི་ཐོག་བགྲོ་གླེང་གནང་ཞིང་། ཉིན་མཐའ་མར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས། ང་ཚོ་ནི་འགྲོ་བ་མི་ཐེར་འབུམ་བདུན་གྱི་ཆ་ཤས་ཤིག་ཡིན་པས། ང་ཚོ་ཚང་མར་འཛམ་གླིང་ཞི་བདེ་དང་བདེ་སྐྱིད་ལྡན་པའི་འགྲོ་བ་མིའི་སྤྱི་ཚོགས་ཤིག་བསྐྲུན་རྒྱུར་འགན་ཁྲིད་ཡོད། དེ་ཡང་ང་ཚོའི་མི་རབས་ཙམ་མིན་པར། འབྱུང་འགྱུར་མི་རབས་ནས་མི་རབས་ཀྱི་ཞི་བདེ་དང་བདེ་སྐྱིད་ནི་ད་ལྟ་ང་ཚོའི་བྱ་སྤྱོད་ལ་རག་ལས་ཡོད། ལས་གནས་དང་ཆོས་ལུགས་འདྲ་མིན་གྱི་གནད་དོན་ནི་སོ་སོ་སྒེར་གྱི་གནད་དོན་ཞིག་ལ་ངོས་འཛིན་བྱ་དགོས། ང་ཚོའི་ཐུན་མོང་གི་དམིགས་ཡུལ་ནི་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་བསྐྲུན་རྒྱུ་དེ་རེད་ཅེས་བཀའ་གནང་སོང་།
སྐབས་དེར་ཞི་བདེའི་དོན་དུ་ལས་དོན་གཉེར་མཁན་ན་གཞོན་ཁག་ཅིག་ནས་འདས་པའི་ལོ་ཟླའི་ནང་སོ་སོར་འཕྲད་པའི་ཡ་ང་བའི་དཀའ་སྡུག་རྣམ་རེར་བཞིན་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ལ་སྙན་སེང་དང་ངོ་སྤྲོད་ཞུས་པའི་རྗེས། ༧གོང་ས་མཆོག་གིས་ཀྱང་། ༧སྐུ་སྒེར་ལ་དེ་སྔོན་བོད་དུ་སྐུ་ངལ་ཇི་ལྟར་འཕྲད་པ་རྣམས་ངོ་སྤྲོད་དང་སྦྲགས། ༡༩༥༩ལོར་ངོས་ཀྱི་མི་མང་དང་སྤྱི་ཚོགས། མཐའ་ན་ངོས་སྒེར་བཅས་ཉེན་ཁའི་ནང་ལྷུང་པའི་སྐབས། རང་ཡུལ་བཞག་སྟེ་གཞན་ཡུལ་དུ་བྲོས་བྱོལ་ལ་ཡོང་དགོས་བྱུང་། སྐབས་དེའི་རྒྱ་ནག་གི་དམག་དཔོན་ཞིག་གིས། ངོས་ནོར་བུ་གླིང་གའི་གང་དུ་སྡོད་ཀྱི་ཡོད་མེད་སྐོར་རྟོགས་ཞིབ་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་། དེ་ངོས་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན་པ་འབྲེལ་ཡོད་རྒྱ་ནག་གི་དཔོན་རིགས་ཀྱིས་བཤད་མོད། དོན་དངོས་ཐོག་དེ་ནི་ངོས་སྲུང་སྐྱོབ་ཀྱི་ཆེད་དུ་ཡིན། ཡང་ན། དམིགས་ཡུལ་གཞན་ཞིག་ཡོད་པ་དོགས་པ་བྱེད་དགོས་པ་ཞིག་ཏུ་གྱུར་ཡོད། གང་ལྟར། སྐབས་དེར་ཕྱོགས་ཡོངས་ཀྱི་གནས་སྟངས་ནི་ཧ་ཅང་གི་ཛ་དྲག་ཆགས་ཏེ། མཐར་ངོས་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་དགོས་བྱུང་བ་རེད། དུས་དེ་ནས་ཟུང་ད་བར་ངོས་སྐྱབས་བཅོལ་བ་བྱས་ནས་བསྡད་པ་ཡིན་ཞེས་གསུངས་གནང་སོང་།
ད་རེས་གཞོན་སྐྱེས་ཞི་བདེ་དང་འབྲེལ་བའི་ལས་དོན་སྤེལ་མཁན་མང་པོ་ཞིག་གིས། ༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་གསེར་ཞལ་དངོས་སུ་མཇལ་བར་ཐེངས་དང་པོ་ཆགས་འདུག་པས། བགྲོ་གླེང་ཚར་རྗེས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁོང་རྣམ་ལ་བཅར་འདྲི་བྱས་སྐབས། ལྷོ་སོའུ་ཌན་(Sudan)་ནས་ཡིན་པའི་ན་གཞོན་(Pratik Gade)་ ལགས་ཀྱིས། ད་རེས་དངོས་སུ་དུས་རབས་ཉེར་གཅིག་པའི་རླབས་ཆེན་གྱི་དབུ་ཁྲིད་ཁོང་གི་བཀའ་སློབ་ལམ་སྟོན་ཞུ་རྒྱུ་བྱུང་བ་དེ་ནི་ངས་ཡུན་རིང་རེ་སྒུག་བྱས་པའི་དམིགས་ཡུལ་ཞིག་ཀྱང་ཡིན་ལ། ཁྱད་དུ་འཕགས་པའི་དུས་ཚིགས་ཤིག་ཀྱང་ཡིན། ཞི་བདེ་གོང་འཕེལ་ཐད་སེམས་ཤུགས་འཕར་མ་ཞིག་ཀྱང་སྦྱིན་བྱུང་བས། ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཟེར།
ཡང་ལི་བྷེ་ཡ་(Libya)་རྒྱལ་ཁབ་ནས་ཡིན་པའི་ཁོར་ཡུག་སྲུང་སྐྱོབ་མཁན་ན་གཞོན་ (Liza Bayk)་ལགས་ཀྱིས། ང་རྡ་རམ་ས་ལར་ཐོག་མར་འབྱོར་བའི་སྐབས་འདི་ལྟ་བུ་བསམ་ཡུལ་ལས་འདས་པའི་བློ་སྟོབས་སྐྱེས་པའི་རེ་བ་དེ་ཙམ་མེད། འོན་ཀྱང་། ༧གོང་ས་ཏཱ་ལའི་བླ་མཆོག་དངོས་སུ་མཇལ་ཏེ། ཁོང་གིས་བཀའ་སློབ་ལམ་སྟོན་དང་འགྲོ་བ་མི་ཕན་ཚུན་བར་རྩིས་འཇོག་བྱེད་སྟངས་ཀྱི་བསམ་བློ་དང་འདུ་ཤེས་ཀྱིས། ངའི་སེམས་ནང་སྔར་མེད་ཀྱི་རེ་བ་གསར་པ་ཞིག་སྐྱེས་བྱུང་། ༧སྐུ་སྒེར་གྱི་སྐུ་ཚེའི་ལོ་རྒྱུས་ནི་ང་ཚོ་དང་གཅིག་མཚུངས་ཀྱི་དཀའ་སྡུག་འཕྲད་དེ་ཡོང་བ་ཞིག་ཡིན་པ་མྱོང་ཚོར་བྱུང་ཞེས་འགྲེལ་བརྗོད་གནང་བྱུང་།
སེ་རི་ཡ་(Syria)་ནང་ཞི་བདེའི་དོན་དུ་ལས་དོན་གཉེར་མཁན་ན་གཞོན་(Mohamed Hakutse)་ལགས་ཀྱིས། ངས་ད་ལྟའི་ཆར་(Syria)་ནང་སྤྱི་ཚོགས་བདེ་དོན་གྱི་ཆེད་དུ་ལས་ཀ་བྱེད་ཀྱི་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས། དཀའ་ངལ་ཁག་ལ་གདོང་ལེན་བྱེད་པའི་སྐབས། ཟུར་གཅིག་ལ་བལྟས་ནས་བསྡད་ན་འགྲིག་ཐབས་མེད་པར། ཕྱོགས་ཡོངས་ཀྱི་གནད་དོན་ལ་གཟིགས་ཞིབ་གནང་སྟེ་དཀའ་ངལ་སེལ་དགོས་རྒྱུ་གལ་ཆེ་ཡིན་པ་སོགས་ལམ་སྟོན་ཟབ་པོ་གནང་སོང་ཞེས་འགྲེལ་བརྗོད་གནང་བྱུང་།
གཞན་ལྷོ་སོའུ་ཌན་(Sudan)་ནང་ཞི་བདེ་གོང་འཕེལ་དང་འབྲེལ་བའི་ལས་དོན་གཉེར་མཁན་ན་གཞོན་(Passka Nyiapo)་ལགས་ཀྱིས། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་ལྷན་དུ་ཉིན་གཉིས་རིང་གི་བགྲོ་གླེང་འདི་ནི་ཧ་ཅང་གི་དོན་ཕན་ལྡན་པ་བྱུང་། ངའི་མི་ཚེ་ལོ་རྒྱུས་ནང་དུ་དོན་གནད་ཆེ་བའི་དུས་ཚིགས་ཤིག་ལ་ངོས་འཛིན་བྱེད་ཀྱི་ཡོད། ད་སྐབས་ལྷོ་སོའུ་ཌན་ནང་དུ་དཀའ་སྡུག་མང་དག་ཅིག་འཕྲད་བཞིན་ཡོད་པས། རླབས་ཆེན་གྱི་དབུ་ཁྲིད་ཁོང་ལྟ་བུའི་མདུན་ནས་ལམ་སྟོན་ཞུ་རྒྱུ་ནི་འགག་རྩའི་དུས་དེ་ཡིན་པ་འགྲེལ་བརྗོད་གནང་བྱུང་།
ཨ་མི་རི་ཀར་རྟེན་གཞི་བྱས་པའི་ཞི་བདེའི་ལྟེ་གནས་ཁང་གིས་གོ་སྒྲིག་འོག སྤྱི་ལོ་༢༠༡༦ལོར་བཞུགས་སྒར་དུ་བགྲོ་གླེང་ལྷན་ཚོགས་དེ་བཞིན་ཐོག་མར་དབུ་འཛུགས་གནང་ཞིང་། ད་རེས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དང་ལྷན་དུ་ཞི་བདེ་གོང་འཕེལ་ཐོག་ལས་དོན་སྤེལ་མཁན་ན་གཞོན་ཚོའི་བར་བགྲོ་གླེང་དེ་ནི་ཐེངས་༧པ་དེ་ཆགས་ཀྱི་ཡོད་པ་མ་ཟད། ད་བར་འཛམ་གླིང་གི་རྒྱལ་ཁབ་ཁག་༡༩ཙམ་ནས་གཞོན་སྐྱེས་༡༠༠ལྷག་བགྲོ་གླེང་ལྷན་ཚོགས་འདིའི་ཐོག་མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། བློ་བཟང་དགེ་ལེགས།
རྩོམ་སྒྲིག་པ། དཔལ་ལྡན་རྒྱལ།
དྲ་ཐོག་སྤེལ་མཁན། ཀླུ་འབུམ།

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ནག་ཆུ་ནས་འབྲོག་སྡེ་གནས་སྤོར་བཏང་བའི་ཤུལ་དུ་དམག་གི་རྟེན་གཞི་འཛུགས་སྐྲུན་བྱེད་བཞིན་ཡོད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎