བདེ་སྐྱིད་ངོ་མ་ནི་ནང་སེམས་ཀྱི་ཞི་བདེ་ལ་བརྟེན་ནས་ཡོང་གི་ཡོད། ༧གོང་ས་མཆོག་གིས།


2020-11-19
Share
སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་བཀའ་སློབ་སྩལ་སྐབས། ༡༡།༡༩།༢༠ སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་དྲ་ལམ་བརྒྱུད་བཀའ་སློབ་སྩལ་སྐབས། ༡༡།༡༩།༢༠
OHHDL

བདེ་སྐྱིད་ངོ་མ་ནི་སྒོར་མོ་དང་དབང་ཆ་ལ་བརྟེན་ནས་ཡོང་གི་མེད་པར་ནང་སེམས་ཀྱི་ཞི་བདེ་ལ་བརྟེན་ནས་ཡོང་གི་ཡོད་ཅེས་སྤྱི་ནོར་༧གོང་ས་མཆོག་གིས་བཀའ་སྩལ་ཡོད།
བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་དབུ་བཞུགས་ཐོག་ཨོ་སི་ཁྲི་ལི་ཡའི་སི་ཏྲི་ནི་གྲོང་ཁྱེར་སློབ་ཆེན་གྱི་ཀླད་པ་དང་སེམས་ཀྱི་ཚན་རིག་པ་(IanHickie)གཙོས་དགེ་རྒན་ཆེན་མོ་ཁག་ཅིག་དང་། འཕྲོད་བསྟེན་དང་ཚོང་ལས། སེམས་ཁམས་ཚན་རིག་པ་ཁག་ཅིག་སོགས་ཀྱི་བར་བདེ་སྐྱིད་དང་དེ་སོར་ཆུད་ཐབས་ཀྱི་བརྗོད་གཞིའི་ཐོག་ཚེས་༡༩ཉིན་དྲ་ལམ་བརྒྱུད་བགྲོ་གླེང་མཛད་སྐབས། ༧གོང་ས་མཆོག་གིས་བདེ་སྐྱིད་ངོ་མ་ནི་དངོས་པོའི་ལོངས་སྤྱོད་དང་དཔལ་འབྱོར། དབང་ཆ་བཅས་ལ་བརྟེན་ནས་ཡོང་གི་མེད་པར་ནང་སེམས་ཀྱི་ཞི་བདེ་ལ་བརྟེན་ནས་ཡོང་གི་ཡོད་ཅེས་དང་། ཆོས་ལ་དད་པ་ཡོད་མེད་ལ་མ་བལྟོས་པར་ནང་སེམས་ཀྱི་ཞི་བདེ་ནི་མི་ཚེ་བདེ་སྐྱིད་ལྡན་པ་ཞིག་ཡོང་བ་དང་། བདེ་སྐྱིད་ནི་ནང་སེམས་ཀྱི་ཚོར་བ་དང་འབྲེལ་བ་ཡོད་པ་ཡིན་ཞིང་། འགྲོ་བ་མི་རྣམས་ཀྱི་ལུས་སེམས་ཚོར་བ་གཅིག་གྱུར་དང་། ཚང་མར་ལེགས་ཉེས་ཀྱི་ས་བོན་ཡོད་པ་གཅིག་གྱུར་ཡིན་ནའང་གནད་འགག་ཐུག་ས་ནི་ཤེས་ཡོན་དེ་ཧ་ཅང་གལ་ཆེན་པོ་ཡིན་པར་བརྟེན། ཤེས་ཡོན་ནང་འགྲོ་བ་མི་གཅིག་གྱུར་ཡིན་པ་དེ་གཙོར་འདོན་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་དང་། འགྲོ་བ་མིའི་རྣམ་དཔྱོད་ལས་གྲུབ་པའི་སེམས་ཀྱི་ཞི་བདེ་ནི་ཞི་བདེའི་འབྱུང་ཁུངས་ངོ་མ་ཡིན་པར་སོང་། ཕྲུ་གུ་ཚོར་སློབ་སྦྱོང་སྤྲོད་རྒྱུ་གལ་ཆེན་པོ་ཡིན་པ་བཀའ་སྩལ་སོང་།
ད་དུང་༧གོང་ས་མཆོག་གིས། འཛམ་གླིང་འདི་དམག་དཔུང་དང་གོ་མཚོན་མེད་པར་བདེ་སྐྱིད་ལྡན་པའི་འཇིག་རྟེན་ཞིག་བཟོ་དགོས་པ་དང་། འགོ་རྩོམ་རྒྱུ་ཡོད་པའི་དངོས་པོ་གང་ལའང་མཇུག་བསྡུ་རྒྱུ་ཡོད་པར་བརྟེན། གཞི་རྩའི་འགྲོ་བ་མིའི་རིགས་དང་གོ་ལ་འདི་འཇིག་འགྲོ་རྒྱུ་ཡིན་པར་བརྟེན་ནས་མི་ཚེའི་ལྷག་འཕྲོ་ལོ་ངོ་བཅུ་ཕྲག་ཁ་ཤས་ལས་ལྷག་མེད་ནའང་དེའི་རིང་བདེ་སྐྱིད་ལྡན་པའི་ངང་འཚོ་བ་བསྐྱལ་ཐུབ་ན་ལེགས་ཤོས་དང་དོན་དང་ལྡན་པ་ཡིན་ཞིང་། དེ་ལྟ་བུ་ཞིག་ཡོང་བར་དམག་དཔུང་དང་གོ་མཚོན། འཇིགས་སྣང་མེད་པར་བདེ་སྐྱིད་ལྡན་པའི་འཛམ་གླིང་ཞིག་སྐྲུན་དགོས་ཀྱི་ཡོད་། འཛམ་གླིང་གི་འགྲོ་བ་མི་རྣམས་ཚང་མ་གཅིག་གྱུར་ཡིན་ནའང་། ཆོས་ལུགས་སོགས་རྒྱུ་མཚན་སྣ་ཚོགས་ལ་བརྟེན་ནས་དགྲ་དང་གཉེན་སོགས་སེམས་ཀྱི་རྣམ་རྟོག་ལས་བྱུང་བ་ཡིན། དེར་བརྟེན་ཤེས་ཡོན་དང་འགྲོ་བ་མིའི་རྣམ་དཔྱོད་ཀྱི་ཐོག་ནས་འགྲོ་བ་མིའི་རང་གཤིས་བྱམས་བརྩེ་དང་རང་བཞིན་བཟང་པོའི་རྒྱུད་ནས་མཉམ་གནས་དགོས་པར་ངེས་པར་དུ་གོ་མཚོན་དང་དམག་དཔུང་མེད་པའི་འཛམ་གླིང་ཞིག་བསྐྲུན་དགོས་ཞེས་ལམ་སྟོན་གནང་ཡོད་པ་རེད།
ད་ཆ་འཛམ་གླིང་འདི་ཞི་བདེ་ཡོད་པ་ཞིག་ཡོང་རྒྱུར་འགྲོ་བ་མི་རྣམས་ཀྱིས་བསམ་བློ་ནན་ཏན་གཏོང་དགོས་པའི་དུས་ལ་བབ་ཡོད་ཅེས་དང་། འདས་པའི་འགྲོ་བ་མིའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་སྐབས་དུས་རབས་སྔ་ཕྱི་འདི་གཉིས་ཀྱི་ནང་འཚེ་བ་ཧ་ཅང་མང་པོ་ཞིག་ནི་ཕན་ཚུན་བསམ་ཤེས་མ་ཐུབ་པར་འགྲོ་བ་མིས་བཟོས་པ་ཡིན་ཞིང་། འགྲོ་བ་མི་ནི་རིམ་པས་འཇིག་རྒྱུ་ཡིན་ནའང་དུས་རབས་གཅིག་གཉིས་ཤིག་ལྷག་པའི་རིང་ལ་བདེ་སྐྱིད་ལྡན་པའི་ཐོག་ནས་འཚོ་གནས་བྱ་རྒྱུ་གལ་ཆེན་པོ་་དང་། གཞི་རྩའི་སེམས་ཅན་ཐམས་ཅད་དང་ཁྱད་པར་དུ་འགྲོ་བ་མི་ཚང་མ་བདེ་སྐྱིད་ལྡན་པའི་མི་ཚེ་བསྐྱལ་འདོད་ཡོད་མཁན་ཤ་སྟག་ཡིན་པ་དང་། བདེ་སྐྱིད་ནི་ཞི་བདེ་ལ་བརྟེན་ནས་ཡོང་བར་བརྟེན་ནས། ད་ཆ་འཛམ་གླིང་འདི་ཞི་བདེ་དང་འཆམ་མཐུན་ཡོད་པ་ཞིག་ཡོང་བའི་བསམ་བློ་ནན་ཏན་གཏོང་དགོས་པའི་དུས་ལ་བབས་ཡོད་པ་རེད་ཅེས་བཀའ་གནང་འདུག
རིང་མིན་སྤྱི་ཚེས་༢༥ཉིན་ཡོ་རོབ་འཇར་མན་དུ་ཡོད་པའི་ཚན་རིག་པ་གྲགས་ཅན་ཨན་ཤི་ཐྲན་གྱི་གླེང་སྟེགས་ནས་གོ་སྒྲིག་གནང་སྟེ། ༧གོང་ས་མཆོག་གིས་ནང་ཆོས་དང་ཚན་རིག་བྱམས་བརྩེ་བཅས་ཀྱི་ཐོག་བཀའ་སློབ་བསྩལ་གནང་འཆཪ་ཡོད་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎