ནང་སེམས་ཀྱི་ཞི་བདེ་མེད་ན་འཛམ་གླིང་ཞི་བདེ་ཡོང་ཐབས་མེད། ༧གོང་ས་མཆོག་གིས།


2020-11-25
Share
༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སློབ་སྩལ་སྐབས། ༡༡།༢༥།༢༠ ༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་བཀའ་སློབ་སྩལ་སྐབས། ༡༡།༢༥།༢༠
OHHDL

དེང་སང་འཛམ་གླིང་འདིར་ཁོང་ཁྲོ་དང་འཇིགས་སྣང་ཕྲག་དོག་སོགས་ཀྱིས་རྙོག་དྲ་ཧ་ཅང་མང་པོ་ཞིག་བཟོས་བསྡད་ཡོད་ཅེས་༧གོང་ས་མཆོག་གིས་བཀའ་སྩལ་སོང་།
ཡོ་རོབ་འཇར་མན་གྱི་ཕོ་ཛི་ཏྲམ་ས་གནས་སུ་གནས་བཞུགས་ཚན་རིག་པ་གྲགས་ཅན་ཨན་ཤི་ཐྲན་(Einstein)གྱི་གླེང་སྟེགས་ནས་གོ་སྒྲིག་གནང་སྟེ། སྤྱི་ཟླ་༡༡པའི་ཚེས་༢༥ཉིན་ཚན་རིག་དང་བྱམས་བརྩེའི་བརྗོད་གཞི་དང་འབྲེལ། བོད་མིའི་དབུ་ཁྲིད་༧གོང་ས་མཆོག་དང་རྩོམ་བྲིས་པ་དང་ཉམས་ཞིབ་པ་སོགས་ཁག་ཅིག་དང་ལྷན་དྲ་ལམ་བརྒྱུད། བཞུགས་སྒར་ཕོ་བྲང་ནས་གླེང་མོལ་གནང་ཡོད་ཅིང་། སྤྱི་ནོར་༧གོང་ས་མཆོག་ནས་ཁོང་གིས་བྱམས་བརྩེའི་བསམ་བློ་དང་འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་དགོས་སྐོར་ལམ་སྟོན་གནང་བ་དང་། འགྲོ་བ་མི་རྣམས་ནི་སྤྱི་ཚོགས་སེམས་ཅན་ཡིན་པས། མི་རེ་རེའི་འཚོ་གནས་དང་མི་ཚེའི་བདེ་སྐྱིད་ནི་སྤྱི་ཚོགས་ལ་བརྟེན་ཡོད་པའི་ཆ་ནས། སོ་སོའི་སྤྱི་ཚོགས་ལ་དོ་ཁུར་བྱེད་པ་ནི་དོན་དངོས་སུ་སོ་སོའི་འདོད་དོན་སྒྲུབ་པའི་ཐབས་ལམ་ཡག་ཤོས་ཡིན་པ་དང་། དེང་སང་འཛམ་གླིང་འདིར་ཁོང་ཁྲོ་དང་འཇིགས་སྣང་། ཕྲག་དོག་སོགས་ཀྱིས་རྙོག་དྲ་ཧ་ཅང་མང་པོ་ཞིག་བཟོས་བསྡད་ཡོད་པར་བརྟེན། རྡུལ་ཕྲན་མཚོན་ཆ་ཚུད་པའི་ཕྱིའི་གོ་མཚོན་ནི་ཞི་བདེ་གཏོར་བཤིག་གཏོང་བྱེད་ཆགས་ཀྱི་ཡོད་ནའང་། རང་བཞིན་གྱིས་མིའི་སེམས་ནང་ཁོང་ཁྲོ་དང་འཇིགས་སྣང་གིས་ཁེངས་བསྡད་པའི་ཁར། མཚོན་ཆ་དེ་རིགས་བཟོ་བསྐྲུན་གྱི་ཐོག་འགྲོ་བ་མིའི་རྣམ་དཔྱོད་ཀྱི་ནུས་པ་ཡོད་ཚད་བེད་སྤྱོད་བཏང་བསྡད་ཡོད་སྟབས། ད་ཆ་འཛམ་གླིང་གང་སར་རྡུལ་ཕྲན་མཚོན་ཆ་མེད་པར་བཟོ་འདོད་པའི་མི་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་པ་ཧ་ཅང་ཡག་པོ་དང་། དེ་མཚུངས་ང་ཚོས་འཛམ་གླིང་འདི་དམག་དཔུང་མེད་པའི་ཁོར་ཡུག་ཞིག་བཟོ་རྒྱུར་ཡང་བསམ་བློ་གཏོང་དགོས་ངེས་རེད་ཅེས་བཀའ་གནང་གི་འདུག
དོན་དངོས་ཐོག་འཇིག་རྟེན་བཀོད་པ་བོ་འདོད་མཁན་གྱི་ཆོས་ལུགས་ལྟར་ན། ང་ཚོ་ཚང་མ་མཆེད་གྲོགས་མིང་སྲིང་ཆགས་ཡོད་པ་མ་ཟད། འཇིག་རྟེན་བྱེད་པོ་མི་འདོད་པའི་ཆོས་ལུགས་ལྟར་ན་ཡང་། ང་ཚོ་ནི་རང་གི་སྤྱི་ཚོགས་ཀྱི་ཆ་ཤས་ཆགས་ཡོད་པར་བརྟེན། འགྲོ་བ་མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་ཕན་ཚུན་བྱམས་བརྩེ་དགོས་རྒྱུ་གལ་ཆེན་རེད། ཆོས་ལུགས་ཚང་མས་སྙིང་རྗེ་དང་བྱམས་བརྩེའི་བསླབ་བྱ་གནང་གི་ཡོད་པས། དེང་སང་ཚན་རིག་པ་མང་པོས་ཀྱང་སྙིང་རྗེ་དང་བྱམས་བརྩེ་སོགས། ང་ཚོའི་འཕྲོད་བསྟེན་ལ་ཧ་ཅང་གལ་ཆེན་ཡིན་པའི་དོ་སྣང་སླེབས་འགོ་ཚུགས་ཡོད་ཅེས་བཀའ་གནང་གི་འདུག་ཅིང་། ཡང་༧གོང་ས་མཆོག་གིས་ནང་སེམས་ཀྱི་ཞི་བདེ་མེད་ན་འཛམ་གླིང་ཞི་བདེ་ཡོང་ཐབས་མེད་པ་རེད་ཅེས་བཀའ་གནང་གི་འདུག
དེང་སང་གང་ས་གང་དུ་མི་ཚོས་འཛམ་གླིང་ཞི་བདེ་དགོས་པའི་རྣམ་འགྱུར་ཐོན་གྱི་ཡོད་ནའང་། ང་ཚོས་ངེས་པར་དུ་བསམ་བློ་གཏིང་ཟབ་མོ་གཏོང་དགོས་ཀྱི་ཡོད། རང་བཞིན་གྱིས་ནང་སེམས་ཀྱི་ཞི་བདེ་མེད་པར་འཛམ་གླིང་ཞི་བདེ་ནི་ཡོང་ཐབས་མེད་པས། ནང་སེམས་ཀྱི་ཞི་བདེ་ནི་དངོས་ཡོད་དང་མཐུན་པའི་དགོངས་པ་བཞེས་ཐུབ་ན། ཁོང་ཁྲོ་དང་འཇིགས་སྣང་སོགས་ཇེ་ཉུང་དུ་རྒྱུ་མ་ཟད། ང་ཚོ་ཚང་མ་འགྲོ་བ་མིའི་སྤྱི་ཚོགས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ང་ཚོ་ཚང་མ་མཉམ་དུ་གནས་དགོས་པར་དགོངས་པ་བཞེས་པ་བརྒྱུད། ནང་སེམས་ཀྱི་ཞི་བདེ་ཡོད་པ་དང་འབྲེལ། འགྲོ་བ་མིས་བྱ་བ་གང་སྒྲུབ་ཞི་བདེའི་རང་བཞིན་དང་ཕན་པའི་རང་བཞིན་དུ་འགྱུར་རྒྱུ་རེད་ཅེས་བཀའ་གནང་གི་འདུག
སྤྱི་ནོར་༧གོང་ས་མཆོག་གིས་སྤྱི་ཟླ་༡༢པའི་ཚེས་༣ནས་༥བར་སོག་པོའི་དད་ལྡན་པ་ཚོར་ཆོས་འབྲེལ་གྱི་མཛད་རིམ། སོག་ཡུལ་དུ་ཏོག་དབྱིབས་ནད་ཡམས་ཀྱིས་ཐེམ་སྤང་བཀའ་རྒྱ་ཡོད་པར་བརྟེན། དུས་ཚོད་ངེས་མེད་བར་འཕར་འགྱང་གནང་ཡོད་པ་དང་། སྤྱི་ཟླ་༡༢པའི་ཚེས་༩ཉིན་འགྲོ་བ་མིའི་འཚོ་གནས་ཆེད། བྱམས་བརྩེའི་དགོས་མཁོ་ཟེར་བའི་བརྗོད་གཞི་དང་འབྲེལ། ༧གོང་ས་མཆོག་གིས་ཨ་རིའི་ཨེ་མོ་རི་སློབ་ཆེན་གྱི་མཁས་པ་ཁག་ཅིག་དང་གླེང་མོལ་གནང་རྒྱུ་ཡིན་པ་རེད།

མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎

དྲ་གནས་ཆ་ཚང༌།