༧གོང་ས་མཆོག་ཨ་མི་རི་ཀའི་རྒྱལ་སར་ཕེབས་གནང་རྒྱུ།

2016-05-17
གློག་འཕྲིན།
མཆན།
Share
པར་བཀོད།
༧གོང་ས་མཆོག་༢༠༡༤།༣།༥་ཉིན་ཨ་རིའི་རྒྱལ་སར་ཞབས་སོར་འཁོད་སྐབས་བོད་མི་ཚོས་ཕེབས་བསུ་གནང་བ།
༧གོང་ས་མཆོག་༢༠༡༤།༣།༥་ཉིན་ཨ་རིའི་རྒྱལ་སར་ཞབས་སོར་འཁོད་སྐབས་བོད་མི་ཚོས་ཕེབས་བསུ་གནང་བ།
པར། ཀླུ་འབུམ།

བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་མི་རིང་བའི་ཕྱི་ཟླ་དྲུག་པའི་ནང་གཟའ་འཁོར་གཉིས་ཙམ་རིང་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དང་། ཀ་ལི་ཕྷོར་ནི་ཡ། ཡུ་ཊཱ། ཨིན་ཊི་ཡ་ན་པོ་ལིསི་བཅས་ཀྱི་ནང་ཆིབས་བསྒྱུར་སྐྱོང་གནང་རྒྱུའི་ཐུགས་གཏན་འཁེལ་ཡོད་པ་རེད།
དེ་ཡང་ཕྱི་ཟླ་༦་ཚེས་༡༣་ཉིན་ཐོག་མར་ཨ་མི་རི་ཀའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོད་པའི་ཨ་རིའི་ཞི་བདེའི་བསྟི་གནས་ཁང་དུ། གཞོན་སྐྱེས་དང་ཆོས་ལུགས་དྲག་སྤྱོད་ཐལ་ཆེ་བཅས་ཀྱི་བརྗོད་གཞིའི་ཐོག་གི་བགྲོ་གླེང་གི་ཚོགས་མགོན་དུ་དབུ་བཞུགས་མཛད་རྒྱུ་དང་། ཉིན་རྒྱབ་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོ་སྒྲིག་འོག་དེང་དུས་འཛམ་གླིང་ནང་ནང་སེམས་ཀྱི་ཞི་བདེ་ཅེས་པའི་བརྗོད་གཞིའི་སྒོ་ནས་ཨ་མི་རི་ཀའི་མཐོ་རིམ་གཙུག་ལག་སློབ་གྲྭའི་ནང་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩོལ་གནང་མཛད་རྒྱུ་ཡིན་པ་རེད།
ཕྱི་ཚེས་༡༤་ཉིན་ཨ་རིའི་གྲོས་ཚོགས་ཀྱི་ནང་མཛད་འཆར་ཁག་དང་། ཕྱི་ཚེས་ ༡༥་ཉིན་ཨ་རིའི་རྒྱལ་ཡོངས་མང་གཙོ་གོང་འཕེལ་བསྟི་གནས་ཁང་གི་ནང་མཛད་འཆར་ཁག་གཅིག་སྐྱོང་གནང་མཛད་རྒྱུ་ཡིན་པ་རེད།
དེ་ནས་ཕྱི་ཚེས་༡༨་ཉིན་ཨ་རིའི་ཀ་ལི་ཕྷོར་ནི་ཡ་མངའ་སྡེའི་ཨོ་རེནཇ་རྫོང་ངམ་ཨོ་རེནཇ་ཀའོན་ཊིའི་ནང་ཆགས་པའི་ཝིཡེཏ་ནམ་ནང་པའི་དགོན་པ་དྷིཡེའུ་ནྔུ་ཞེས་པས་ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར། སྙིང་རྗེ་ནི་རང་གཞན་ཁེ་ཕན་གྲུབ་པའི་སྙིང་པོ་ཅེས་པའི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་། ཉིན་རྒྱབ་སངས་རྒྱས་སྨན་བླའི་རྗེས་སྩོལ་རྒྱུ་ཡིན་འདུག་ཅིང་། ཕྱི་ཚེས་༡༩་ཉིན་ཝིཡེཏ་ནམ་གྱི་དགོན་པ་དྷིེཡེའུ་ནྔུ་དབུ་འབྱེད་ཐོག་ཝིཡེཏ་ནམ་གཞོན་སྐྱེས་ཁག་གཅིག་དང་ལྷན་དུ་བགྲོ་གླེང་མཛད་རྒྱུ་ཡིན་འདུག། དེ་རྗེས་བོད་རྒྱུད་ནང་པའི་ཆོས་ཚོགས་དགེ་ལྡན་ཆོས་གླིང་དུ་ཆིབས་བསྒྱུར་སྐྱོང་གནང་མཛད་རྒྱུ་ཡིན་འདུག།
ཕྱི་ཚེས་༢༡་ཉིན་ཡུ་ཊཱ་མངའ་སྡེའི་གྲོང་ཁྱེར་Salt Lake་རུ་སྙིང་རྗེ་དང་ཀུན་ཁྱབ་འགན་འཁུར་གྱི་བརྗོད་གཞིའི་སྒོ་ནས་མང་ཚོགས་ལ་བཀའ་སློབ་གསུང་བཤད་དང་། ཕྱི་ཚེས་༢༢ ་ཉིན་བོད་མི་མང་ཚོགས་ལ་མཇལ་ཁ་བཀའ་སློབ་སྩོལ་གནང་མཛད་རྒྱུ་ཡིན་འདུག། ཕྱི་ཚེས་ ༢༣ ཉིན་མངའ་སྡེ་ཀོ་ལོ་ར་ཊོར་བཀའ་གདམས་དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མའི་སྒོ་ནས་ཆོས་འབྲེལ་གསུང་ཆོས་གནང་རྒྱུ་དང་། ས་གནས་བོད་རིགས་མང་ཚོགས་ལ་མཇལ་ཁ་བཀའ་སློབ་སྩོལ་རྒྱུའི་མཛད་འཆར་ཡོད་པ་རེད།
ཕྱི་ཚེས་༢༥་ཉིན་ཨིན་ཊི་ཡ་ན་པོ་ལིསིའི་རྒྱལ་ས་ཨི་ཊི་ཡ་ནར་ཆོས་ལུགས་དང་མ་འབྲེལ་བའི་ཡ་རབས་སྤྱོད་བཟང་གོང་འཕེལ་གཏོང་ཐབས་ཀྱི་ཆེས་མཐོའི་བགྲོ་གླེང་ཚོགས་འདུའི་ཐོག་ཞབས་སོར་འཁོད་རྒྱུ་དང་། ཉིན་རྒྱབ་མང་ཚོགས་ལ་བཀའ་སློབ་གསུང་བཤད་སྩོལ་གནང་མཛད་རྒྱུ་སོགས་ཀྱི་མཛད་འཆར་ཡོད་པ་རེད།

གསར་འགོད་པ་སྤྱི་ཁྱབ་རྩོམ་སྒྲིག་པ་སྐལ་ལྡན་བློ་གྲོས།

མཆན། (0)
Share
དྲ་གནས་ཆ་ཚང༌།