༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱུད་སྨད་གྲྭ་ཚང་དུ་༸ཞབས་སོར་འཁོད་པ་དང་། འབྱུང་འགྱུར་མུ་མཐུད་ལོ་བཅོ་ལྔ་ཉི་ཤུའི་རིང་བོད་བསྟན་སྲིད་ལ་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད་ཅེས་བཀའ་སྩལ་སོང་།

2025.02.16
༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱུད་སྨད་གྲྭ་ཚང་དུ་༸ཞབས་སོར་འཁོད་པ་དང་། འབྱུང་འགྱུར་མུ་མཐུད་ལོ་བཅོ་ལྔ་ཉི་ཤུའི་རིང་བོད་བསྟན་སྲིད་ལ་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད་ཅེས་བཀའ་སྩལ་སོང་། ༸གོང་ས་མཆོག་བཀྲིས་ལྷུན་པོ་ནས་ཆིབས་ཐོན་མཛད་པ།
CTA

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་དེ་རིང་རྒྱུད་སྨད་གྲྭ་ཚང་དུ་༸ཞབས་སོར་འཁོད་རྗེས་བཀའ་སློབ་སྩལ་བའི་ནང་མགོན་པོ་མཆོག་ནས་བྱུང་འགྱུར་ལོ་ངོ་བཅོ་ལྔ་ཉི་ཤུའི་རིང་བོད་བསྟན་སྲིད་ཆེད་མུ་མཐུད་མཛད་པ་སྐྱོང་ཐུབ་ཀྱི་རེད་ཅེས་བཀའ་སྩལ་གནང་མཛད་སོང་།

དེ་ཡང་ཕྱི་ལོ་ ༢༠༢༥ ཟླ་བ་ ༠༢ ཚེས་ ༡༦ ཉིན་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་རྒྱ་གར་ལྷོ་ཕྱོགས་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་ནས་ཆིབས་ཞལ་བསྒྱུར་ཏེ་ཧོང་སུར་དུ་རྟེན་གཞི་བྱས་པའི་རྒྱུད་སྨད་གྲྭ་ཚང་དུ་བོད་མི་སེར་སྐྱ་མང་ཚོགས་ནས་ཕེབས་བསུ་གཟབ་རྒྱས་ཞུས་ཐོག༸ཞབས་སོར་བདེ་བར་འཁོད་ཡོད་ཅིང་། རྒྱུད་སྨད་གྲྭ་ཚང་དུ་༸ཞབས་སོར་འཁོད་རྗེས་ཕེབས་སྟོན་མཛད་སྒོར་བཀའ་སློབ་སྩལ་དོན་ལ། ད་ལྟ་བར་དུ་མགོན་པོ་གང་ཉིད་ནས་༸རྒྱལ་དབང་གི་མཚན་ཐོག་ནས་ཆོས་འབྲེལ་གྱི་བྱེད་སྒོ་མཐའ་དག་ཆད་ལུས་མེད་པ་བསྒྲུབས་གནང་ཡོད་པ་དང་། དེ་ལུགས་ཀྱིས་མང་ཚོགས་ནས་ཀྱང་མགོན་པོ་གང་ཉིད་ལ་དགའ་མོས་ཆེན་པོ་ཞུ་གི་ཡོད་པ་མ་ཟད། ཆོས་དད་མེད་མཁན་དང་བོད་རིགས་མ་ཡིན་པའི་ཆོས་གྲོགས་ཚོས་ཀྱང་མགོན་པོ་མཆོག་ལ་གྲོགས་པོའི་འདུ་ཤེས་བཟུང་ནས་དགའ་མོས་ཆེན་པོ་ཞུ་གི་ཡོད་སྐོར་བཀའ་གནང་སོང་ལ། དེ་མ་ཟད་མགོན་པོ་མཆོག་ནས་ད་དུང་ཡང་ལོ་བཅོ་ལྔ་ཉི་ཤུའི་རིང་སྐུ་འཚོ་ཞུགས་ཀྱིས་བོད་བསྟན་སྲིད་ལ་རྒྱ་དང་། ནང་པ་སངས་རྒྱས་པའི་ཆོས། ཁྱད་པར་དུ་བསླབ་པ་གསུམ་གྱི་ཉམས་ལེན་སོགས་ཀྱི་ཐད་མུ་མཐུད་ནས་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད་ཅེས་བཀའ་སྩལ་སོང་།

2025-02-16-Hunsur16_SA16111.jpg
༸གོང་ས་མཆོག་ནས་རྒྱུད་སྨད་གྲྭ་ཚང་དུ་བཀའ་སློབ་གནང་བཞིན་པ།

དེ་བཞིན་མགོན་པོ་མཆོག་ནས་བོད་མི་ཚོས་ནང་པ་སངས་རྒྱས་པའི་ལུང་རྟོགས་ཀྱི་བསྟན་པ་མུ་མཐུད་རྒྱུན་འཛིན་ཞུས་ཡོད་སྐོར་དང་། ལྷག་པར་མགོན་པོ་གང་ཉིད་ཀྱི་མནའ་ལམ་རྟགས་མཚན་སོགས་ལ་བརྟེན་ན་དགུང་ལོ་ ༡༡༠ གྲངས་བཞུགས་ཏེ་བོད་བསྟན་སྲིད་ཀྱི་ཆེད་ཞབས་འདེགས་སྒྲུབ་ཐུབ་ཀྱི་རེད་ཅེས་བཀའ་སྩལ་གནང་མཛད་སོང་།

སང་ཉིན་ཚེས་ ༡༧ ཉིན་སྔ་དྲོ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་དཔལ་ལྡན་རྒྱུད་སྨད་གྲྭ་ཚང་གིས་རྒྱུད་སྨད་ཚོགས་ཆེན་འདུ་ཁང་དུ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་པ་དང་། ཚེས་༡༨ ཉིན་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལྡི་ལིར་ཆིབས་བསྒྱུར་དང་དེ་ནས་ཚེས་ ༢༢ ཉིན་ཕྱིར་བཞུགས་སྒར་རྡ་རམ་ས་ལར་ཆིབས་བསྒྱུར་མཛད་ཀྱི་ཡོད་པ་དགའ་ལྡན་ཕོ་བྲང་ཡིག་ཚང་གི་དྲུང་ཆེ་བློ་བཟང་སྦྱིན་པ་ལགས་ཀྱིས་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་ངོ་སྤྲོད་གནང་ཡོད།

དེ་རིང་རྒྱུད་སྨད་གྲྭ་ཚང་དུ་ཕེབས་སྟོན་མཛད་སྒོའི་ཐོག་སྐྱབས་རྗེ་དགའ་ལྡན་ཁྲི་ཟུར་རིན་པོ་ཆེ་མཆོག་དང་། མཚུངས་མེད་ཤར་པ་ཆོས་རྗེ་རིན་པོ་ཆེ་མཆོག གདན་ས་གྲྭ་ཚང་ཁག་གི་མཁན་ལས་ཟུར་རྣམ་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་ལགས། ཕྱོགས་བཞུགས་བོད་མི་སྤྱི་འཐུས་དང་སྦེང་ལོར་ལྷོ་སྤྱི་གཙོས་པའི་ཉེ་འཁོར་གཞིས་ཆགས་ཁག་གི་ལས་སྣེ་རྣམ་པ་སོགས་ལྷན་ཞུགས་གནང་འདུག ད་ཐེངས་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཧོན་སུར་རབ་རྒྱས་གླིང་རྒྱུད་སྨད་གྲྭ་ཚང་དུ་ཆིབས་སྒྱུར་གནང་བ་དེ་ནི་ལོ་ངོ་བཅུའི་རྗེས་ཆིབས་སྒྱུར་གནང་བ་ཞིག་ཡིན་པ་དང་། མགོན་པོ་ཉིད་གྲྭ་ཚང་འདིའི་ནང་ཆིབས་སྒྱུར་མཐའ་མ་ཕྱི་ལོ་ ༢༠༡༥ ལོར་གནང་ཡོད་ཅིང་སྐབས་དེར་རྒྱུད་སྨད་གྲྭ་ཚང་གི་འདུས་སྤྱི་དང་གདན་ས་བཞིའི་འདུས་མང་ལ་རྟེན་འབྲེལ་བསྟོད་པ་དང་རྟོགས་བརྗོད་མདུན་ལེགས་མ། སྨད་རྒྱུད་ཁྲིད་ཆེན་བརྒྱད་ཀྱི་མཚོན་པའི་ཆོས་འབྲེལ་བཀྲིན་བསྐྱངས་གནང་མཛད་ཡོད་པ་རེད། །

གསར་འགོད་པ། རྡོ་རྗེ་སྒྲོལ་མ། པདྨ་དངོས་གྲུབ།

རྩོམ་སྒྲིག་པ། བསྟན་འཛིན་བསྟན་སྐྱོང་། 

དྲྭ་ཐོག་སྤེལ་མཁན། བདེ་སྐྱིད་ཀུན་སྒྲོལ། 

བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
RFA
བོད་མིའི་སྒྲིག་འཛུགས་ཀྱི་ཕྱིའི་རོགས་དངུལ་ཡོང་ཕྱིར་ཅུང་ངང་སྲིང་དགོས་པ་གནས་ཆུང་ཆོས་རྒྱལ་ནས་བཀའ་ལུང་ཕེབས་འདུག
བལྟ་བཤེར་མང་ཤོས་བྱས་པའི་གནས་ཚུལ།
གསར་འགྱུར།
ཨ་རིའི་ཆི་ཁ་གྷོ་སྒྱུ་རྩལ་བསྟི་གནས་ཁང་གིས་དུས་རབས་བཅུ་གཉིས་པའི་སྐབས་ཀྱི་སངས་རྒྱས་ཀྱི་སྐུ་བརྙན་ཞིག་བལ་ཡུལ་དུ་ཕྱིར་སློག་གནང་རྒྱུ་རེད་འདུག
མཆན་འཇོག་རོགས།

གཤམ་དུ་ཡོད་པའི་འགེང་ཤོག་འགེང་ནས་སོ་སོའི་མཆན་བཀོད་རོགས་གནང་། མཆན་དེ་མ་ཐག་ཏུ་གཟིགས་མི་ཐུབ་པ་དང་འབྲེལ་ཡོད་འགན་འཛིན་གྱིས་ང་ཚོའི་སྒྲིག་འཛུགས་ཀྱི་ནང་དོན་སྤྱོད་ཕྱོགས་དང་བསྟུན་ནས་བསྒྱུར་བཅོས་དང་ཕྱོགས་སྒྲིག་བྱེད་དེ་དྲ་གནས་ཐོག་ཁྱབ་སྤེལ་བྱ་སྲིད། མཆན་གྱི་ནང་དོན་ཐད་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགན་གང་ཡང་མེད་པ་དང་། མཆན་གཞག་གནང་སྐབས་གཞན་གྱི་ཚོར་སྣང་ལ་བརྩི་མཐོང་དང་དངོས་འབྲེལ་ལ་ཐུགས་སྣང་གནང་རོགས་ཞུ༎