༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་བོད་ནང་གི་ས་ཡོམ་གོད་ཆག་ལ་ཐུགས་གསོའི་གསུང་འཕྲིན་སྩལ་བ།
དེ་རིང་ཕྱི་ཟླ་༡ ཚེས་ ༧ ཉིན། བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ནས། བོད་ནང་གི་དིང་རི་རྫོང་གཙོས་ཉེ་འཁོར་ས་ཁུལ་ཁག་ནང་ས་ཡོམ་ཚད་རིམ་ ༧.༡ ཅན་ཞིག་བྱུང་སྟེ། མི་རྒྱུ་གཉིས་ལ་གོད་ཆག་ཤུགས་ཆེར་བྱུང་བར་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ནས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་སྟེ། ས་ཡོམ་ཁྲོད་རྐྱེན་འདས་དང་གཏོར་བཤིག་བྱུང་བར་བློ་ཕམ་དང་། ངོས་ནས་བསྔོ་སྨོན་ཞུ་བཞིན་ཡོད་ཅེས་ཐུགས་གསོའི་གསུང་འཕྲིན་བསྩལ་གནང་འདུག
༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་གསོའི་གསུང་འཕྲིན་ནང་། ཕྱི་ལོ་ ༢༠༢༥ ཟླ་ ༡ ཚེས་ ༧ ཉིན་གྱི་ཞོགས་པ་བོད་ཀྱི་སྟོད་དིང་རི་ས་ཁུལ་གཙོས་ས་གནས་ཁག་ཅིག་ལ་ས་ཡོམ་ཤུགས་ཆེར་བརྒྱབ་སྟེ་རྐྱེན་འདས་དང་། རྨས་སྐྱོན་ཕོག་པ། ཁང་ཁྱིམ་གཏོར་བཤིག་ཚབས་ཆེར་ཐེབས་པའི་གནས་ཚུལ་ཐོས་ཏེ་བློ་ཕམ་ཆེན་པོ་བྱུང་། རྐྱེན་འདས་སུ་སོང་བ་རྣམས་ལ་བསྔོ་སྨོན་དང་། རྨས་སྐྱོན་བྱུང་བ་རྣམས་གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཡོད་ཅེས་གསུངས་གནང་འདུག
བོད་ནང་གི་ས་ཡོམ་ཁྲོད་དེ་རིང་ཕྱི་དྲོའི་ཆུ་ཚོད་ ༡༠ བར། རྒྱ་ནག་གཞུང་འབྲེལ་གསར་ལམ་ཁག་ཏུ་མི་གྲངས་རྐྱེན་འདས་ཀྱི་གྲངས་འབོར་དེ་ ༡༢༨ དང་། རྨས་སྐྱོན་ཕོག་པའི་གྱངས་ ༡༨༨ འཕར་ཡོད་པ་བསྒྲགས་འདུག་ལ། སང་ཉིན་ཕྱི་ཚེས་ ༨་ཉིན་བོད་མིའི་སྒྲིག་འཛུགས་ནས་གོ་སྒྲིག་འོག་བཞུགས་སྒར་གཙུག་ལག་ཁང་དུ་ས་ཡོམ་ཁྲོད་རྐྱེན་འདས་ཕྱིན་པ་ཚོའི་ཆེད། མཆོད་འབུལ་སྨོན་ལམ་ཚོགས་འཆར་ཡོད་པ། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་འདི་ག་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་ལ་འགྲེལ་བརྗོད་གནང་ཡོད་པ་རེད།།
གསར་འགོད་པ། བསྟན་འཛིན་ནོར་འཛོམས།
རྩོམ་སྒྲིག་པ། བསྟན་འཛིན་པདྨ།
དྲྭ་ཐོག་སྤེལ་མཁན། བསྟན་འཛིན་བསྟན་སྐྱོང་།